འོ་མའི་ནང་དུག་བླུཊ་པའི་དོཊ་གཞིའི་འོག་བུད་མེད་ཅིག་འཛིན་བཟུང་བྱས།

འོ་མའི་ནང་དུག་བསྲེས་ཏེ་མི་ ༡༥ འདས་གྲོངས་སུ་ཕྱིན་པའི་དོགས་གཞིའི་འོག་པཱ་ཀི་སི་ཐན་གྱི་གཉེན་སྒྲིག་བྱས་མ་ཐག་པའི་བུད་མེད་ཅིག་བཅས་མི་གསུམ་འཛིན་བཟུང་བྱས་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་པཱ་ཀི་སི་ཐན་རྒྱལ་ཁབ་ཀྱི་ས་གནས་མཱུ་ཛ་ཕར་གྷར་ (Muzaffargarh)ནང་མི་གྲངས་ ༡༥ འདས་གྲོངས་སུ་ཕྱིན་པ་དང་། ས་གནས་དེའི་ཉེ་འགྲམ་གྱི་གྲོང་ཁྱེར་མཱུལ་ཏན་(Multan)གྱི་སྨན་ཁང་ཞིག་ཏུ་མི་ ༨ ལ་ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་འདུག

གནད་དོན་བྱུང་རྗེས་ས་གནས་ཉེན་རྟོག་པས་ཁོང་ཚོའི་གཉེན་འབྲེལ་གྱི་མནའ་མ་མིང་ལ་ཨ་སི་ཡཱ་བཱི་བཱི་(Asiya Bibi)ཟེར་བ་ཞིག་ལ་དོགས་གཞི་བྱུང་ནས་བུད་མེད་དེ་འཛིན་བཟུང་བྱས་ཡོད་པ་མ་ཟད། བདུན་ཕྲག་སྔོན་མའི་ནང་བུད་མེད་དེས་བསམ་བཞིན་དུ་འོ་མའི་ནང་དུག་བླུགས་ཏེ། མོ་རང་གི་ཁྱོ་གའི་གཙོས་ཁོའི་གཉེན་ཚན་རྣམས་ལ་འོ་མ་སྤྲད་ཡོད་ཀྱང་། ཁྱོ་གས་འཐུང་མེད་པར་བརྟེན་སྲོག་ཤོར་མེད་སྐོར་ཡང་བརྗོད་འདུག

གནད་དོན་བྱུང་མ་ཐག་གཉེན་སྒྲིག་བྱས་མ་ཐག་པའི་བུད་མེད་དེ་རང་ཁྱིམ་དུ་བྲོས་འགྲོ་རྩིས་བྱས་ཡོད་ཀྱང་ཐར་མེད་པ་དང་། ད་ལྟ་ཉེན་རྟོག་པས་མོའི་ཟུར་བསྟེན་དགའ་རོགས་རེད་ཟེར་བའི་སྐྱེས་པ་ཞིག་དང་། ཁོའི་ཨ་ནེ་གཉིས་ཀྱང་ལྐོག་བྱུས་བཤམས་པར་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད།

ཛ་དྲག་སྨན་བཅོས་བྱེད་སའི་སྨན་ཁང་དེའི་སྨན་པ་ཞིག་གིས། འོ་མའི་ནང་དུག་རིགས་གང་བསྲེས་ཡོད་མེད་འདས་གྲོངས་སུ་ཕྱིན་པའི་ཕུང་པོར་བརྟག་དཔྱད་ལེགས་པོ་བྱས་རྗེས་གང་མགྱོགས་ཤེས་རྟོགས་བྱུང་ངེས་ཡིན་སྐོར་བརྗོད་ཡོད་པ་རེད།

ད་ལྟ་ཉེན་རྟོག་པས་ཁོང་ཚོ་གསུམ་ལ་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་ལ། པཱ་ཀི་སི་ཐན་གྱི་ཁྲིམས་ཁང་གིས་དེ་རིགས་ཀྱི་ནག་ཉེས་སྔོན་འགོག་ཆེད་ཉེས་ཅན་ལ་དྲག་སྤྱོད་པའི་ཉེས་མིང་འོག་ཁྲིམས་ཆད་ནན་པོ་གཅོད་བཞིན་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། བུད་མེད་དེ་ནི་འདོད་པ་མེད་བཞིན་དུ་ད་ལོའི་ཕྱི་ཟླ་ ༩ པའི་ནང་བཙན་གྱིས་གཉེན་སྒྲིག་བྱེད་དུ་བཅུགས་ཡོད་པ་དང་། པཱ་ཀི་སི་ཐན་རྒྱལ་ཁབ་ནང་ཁྱིམ་ཚང་དབུལ་པོ་དང་གྲོང་གསེབ་ཁུལ་དུ་བུ་མོར་འདོད་པ་མེད་བཞིན་དུ། ཕ་མ་དང་ནང་མིའི་བཀོད་སྒྲིག་འོག་བཙན་གྱིས་གཉེན་སྒྲིག་བྱེད་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཆགས་བསྡད་ཡོད་པ་རེད།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༡/༠༡

Leave a Reply

3 thoughts on “འོ་མའི་ནང་དུག་བླུཊ་པའི་དོཊ་གཞིའི་འོག་བུད་མེད་ཅིག་འཛིན་བཟུང་བྱས།

  1. དེང་སྐབས་བོད་ཀྱི་དུས་བབ་ཚང་གི་རྒྱལ་སྤྱིའི་གསར་འགྱུར་ཀློག་རིན་དང་བསམ་རིན་ཡོད་པ་རྣམས་མཐོང་ཡག་མེད་པ་ཆགས་སོང་།