གནའ་དེང་དཀར་ཆག་རིག་པའི་ཟབ་སྦྱོང་མགོ་བཙུགས།

ང་ཚོས་སློབ་གཉེར་ཡར་རྒྱས་གཏོང་དགོས་ན་དཔེ་མཛོད་ཡར་རྒྱས་གཏོང་དགོས་པ་དང་། དཔེ་མཛོད་ཡར་རྒྱས་གཏོང་དགོས་ན་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་བརྒྱུད་དེ་དཀར་ཆག་རིག་པ་ཡག་པོ་དགོས་སྐོར་བརྗོད་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠ སྟེང་། བཞུགས་སྒར་དྷ་རམ་ས་ལའི་ཉེ་འཁྲིས་རྒྱུད་སྟོད་གྲྭ་ཚང་གི་གཞི་རིམ་སློབ་གྲྭའི་ཚོགས་ཁང་དུ།  རྒྱུད་སྟོད་དཔེ་མཛོད་ཁང་གི་གོ་སྒྲིག་འོག  ཉིན་ལྔའི་རིང་དཔེ་དེབ་ཞུ་སྒྲིག་དང་གནའ་དེང་དཀར་ཆག་རིག་པའི་རྒྱལ་ཡོངས་ཟབ་སྤྱོང་ཞིག་མགོ་འཛུགས་གནང་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། རྒྱུད་སྟོད་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་ཐུབ་བསྟན་བསྟན་འཛིན་མཆོག་དང་དགེ་བསྐོས།  མཚུར་ཕུ་བླ་བྲང་གི་སྐུ་ཚབ།  དེ་བཞིན། རིས་མེད་ཚོགས་སྡེ་དང་སློབ་གཉེར་ཁང་ ༣༦ ནས་ཕེབས་པའི་ཚོགས་བཅར་བ་ ༧༠ ལྷག་དང་། རྒྱུད་སྟོད་ཀྱི་དགེ་བཤེས་རྣམ་པ་དང་དགེ་ལས་སློབ་ཕྲུག་བཅས་འཛོམས་འདུག

མཛད་སྒོའི་ཐོག་མར་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱུད་སྟོད་དཔེ་མཛོད་ཁང་ནས་དཔར་སྐྲུན་ཞུས་པའི་རྒྱུད་རྡོ་རྗེ་འཆང་ཀུན་དགའ་དོན་འགྲུབ་ཀྱི་རྒྱུད་ཊཱིཀ་རིམ་གཉིས་གཏེར་མཛོད་རྩ་འགྲེལ་སྦྱར་མ་དབུ་འབྱེད་གནང་སོང་བ་དང་བསྟུན། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ལོ་མང་རིང་དེང་རབས་འཕྲུལ་ཆས་ཀྱི་ལམ་ནས་བོད་ཀྱི་སྐད་ཡིག་རིག་གཞུང་ལ་སྨན་པའི་ཕྱག་ལས་གནང་བར་ཡི་རངས་བསྔགས་བརྗོད་ཆེད་སྟོན་པའི་ཞལ་ཐང་རིན་པོ་ཆེ་ཞིག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་གསོལ་བསྩལ་གནང་སོང་།

དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས་དཔེ་མཛོད་འཛིན་སྐྱོང་བྱ་ཐབས་ཀྱི་མཉེན་ཆས་ཤིག་གསར་བཟོ་གནང་ཡོད་པའི་སྐོར་ངོ་སྤྲོད་གནང་དོན།  དེ་རིང་ངས་ངོ་སྤྲོད་བྱེད་ཡ་དེ་བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་ཟེར་བ་དེ་ཡིན་ལ། བོད་ཀྱི་སྐད་དང་རིག་གཞུང་གཞིར་བཞག་པའི་བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ཤིག་བོད་ཀྱི་སྤྱི་ཚོགས་ནང་གསར་བཟོ་བྱེད་མཁན་ཐོག་མ་དེ་གཅིག་བྱས་ན་ང་ཚོ་ཆགས་བསྡད་ཡོད་རྒྱུ་རེད། དེ་རིང་རྒྱུད་སྟོད་གྲྭ་ཚང་དུ་བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་འདི་ཐོག་མར་ངོ་སྤྲོད་བྱ་ཐུབ་པར་གཟི་བརྗིད་ཞིག་ཏུ་རྩི་ཡི་ཡོད། རྩ་བའི་མཉེན་ཆས་འདིའི་རྒྱབ་ལྗོངས་རྒྱས་པ་དེ་སང་ཉིན་གནངས་ཉིན་ང་ཚོས་གླེང་སློང་བྱ་ཆོག་གི་རེད། དེར་བརྟེན་དེ་རིང་འདིར་དཔེ་མཛོད་འཛིན་སྐྱོང་བྱ་ཐབས་སྐོར་གྱི་འཕྲུལ་ཆས་བྱུང་སྟངས་སྐོར་ཅུང་ཙམ་ཞུས་ན། དེ་ཡང་ཐོག་མར་དཀར་ཆག་རིག་པའི་འགྲོ་ལུགས་དེ་ལག་པས་ཤོག་ངོས་སུ་བྲིས་ཡོད་པ་ལས་འཕྲུལ་ལམ་དུ་མེད་ཀྱང་།  ཕྱི་ལོ་ ༡༩༣༦ ལོར་ཨ་རིའི་ཊག་ཟཱ་སཱི་གཙུག་ལག་སློབ་གཉེར་ཁང་གིས་ཐོག་མར་གློག་གི་དཀར་ཆག་འགྲོ་སྟངས་ཤིག་གསར་བཟོ་བྱས་ཏེ། ཕྱི་ལོ་ ༡༩༦༠ ལོར་དཀར་ཆག་འགྲོ་ལུགས་དེ་ཐོག་མར་གློག་ཀླད་ཐོག་བཞག་སྟེ་བྱུང་ཡོད་པ་རེད།  དེ་ནས་ཕྱི་ལོ་ ༡༩༧༠ དང་ ༡༩༨༠ བར་རིམ་བཞིན་འཛམ་གླིང་ནང་དྲ་རྒྱའི་རིག་གནས་དར་ཏེ། རྒྱལ་ཁབ་དང་རྒྱལ་ཁབ་ཕན་ཚུན་བར་དང་། དཔེ་མཛོད་ཁང་། ཚོགས་སྡེ་ཁག་མང་པོའི་ནང་དཀར་ཆག་གི་འགྲོ་སྟངས་ཤུགས་ཆེན་བྱུང་ཞིང་། ལྷག་པར་དུ་ཕྱི་ལོ་ ༡༩༩༢ ནས་ ༢༠༠༢ བར་ལ་དཀར་ཆག་རིག་པའི་འགྲོ་སྟངས་དེ་ཚོང་རྫས་ཀྱི་ངོ་བོར་བསྒྱུར་ཏེ། ཆ་སྙོམས་ཐོག་ལོ་རེར་ཨ་སྒོར་ས་ཡ་ ༥༠༠ ཡི་ཡོང་འབབ་བཟོས་ཡོད་པ་དང་། དེའི་རྗེས་དཔེ་མཛོད་ཁང་ཆུང་གྲས་ཚོས་དཀར་ཆག་རིག་པའི་འགྲོ་ལུགས་དེ་ཚོང་སྒྱུར་གྱི་ལམ་ལ་ཕྱིན་པར་ངོ་རྒོལ་བྱས་ཏེ། དེང་སང་དཔེ་མཛོད་འཛིན་སྐྱོང་བྱ་ཐབས་ཀྱི་མ་ལག་ཚང་མ་རིན་མེད་ཐོག་འགྲོ་བསྡད་པ་ཞིག་ཆགས་ཡོད་སྐོར་སོགས་བརྗོད་སོང་།

ཡང་བོད་ཀྱི་དཔེ་མཛོད་ཁང་ཁག་གི་དཀར་ཆག་རིག་པའི་སྐོར་ལ་ཁོང་གིས།  ཝར་ཎ་སི་དང་བོད་ཀྱི་དཔེ་མཛོད་ཁང་སོགས་ནས་རྒྱ་གར་གྱིས་བཟོས་པའི་དཔེ་མཛོད་འཛིན་སྐྱོང་མ་ལག་བེད་སྤྱོད་གཏོང་གི་ཡོད་པས་བོད་པ་རང་ལ་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ཤིག་ཕལ་ཆེར་མེད་པ་ལྟ་བུ་ཆགས་བསྡད་ཡོད། དཔེ་མཛོད་ནང་དཀར་ཆག་རིག་པའི་འགྲོ་ལུགས་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད། དེ་ཡང་སློབ་གཉེར་བ་ཞིག་ལ་ཆ་མཚོན་ན། དགེ་རྒན་གྱི་སློབ་འཁྲིད་བྱས་པ་ཙམ་གྱིས་འགྲིག་གི་མེད་པ་ང་ཚོས་སྔོན་བྱོན་མཁས་དབང་ཁག་གི་སློབ་གསོའི་བརྒྱུད་རིམ་ལ་བལྟས་ན་ཤེས་ཐུབ་པ་རེད། དེར་བརྟེན། དགོན་པ་དང་སློབ་གྲྭ་གང་ཡིན་ཡང་དཔེ་མཛོད་ནི་སློབ་གཉེར་བ་ཞིག་ལ་མེད་དུ་མི་རུང་བ་ཞིག་ཡིན་པར་མ་ཟད། དཔེ་མཛོད་ཁང་དུ་སློབ་གཉེར་བ་སོ་སོར་མཁོ་བའི་རྒྱུ་ཆ་སོགས་མགྱོགས་མྱུར་ངང་རག་ཐབས་སུ་དཀར་ཆག་རིག་པའི་འགྲོ་ལུགས་དེ་མེད་དུ་མི་རུང་བ་ཞིག་ཆགས་ཡོད། ང་ཚོས་སློབ་གཉེར་ཡར་རྒྱས་གཏོང་དགོས་ན་དཔེ་མཛོད་ཡར་རྒྱས་གཏོང་དགོས་པ་དང་། དཔེ་མཛོད་ཡར་རྒྱས་གཏོང་དགོས་ན། དཔེ་མཛོད་ནང་འཛིན་སྐྱོང་མ་ལག་མཉེན་ཆས་བརྒྱུད་དེ་དཀར་ཆག་རིག་པ་ཡག་པོ་དགོས་སྐོར་སོགས་བརྗོད་སོང་།

དེའི་རྗེས་རྒྱུད་སྟོད་དཔེ་མཛོད་ཁང་གི་འགན་འཛིན་བློ་བཟང་ཀླུ་སྒྲུབ་ལགས་ནས་ཟབ་སྤྱོང་གི་དགོས་དམིགས་སྐོར་ལ་ཁོང་གིས། ང་ཚོ་བོད་ས་ཡོངས་རྫོགས་གཞན་ལག་ཏུ་ཤོར་ཏེ་བཙན་བྱོལ་དུ་ཡོང་དགོས་འཁེལ་བ་དང་། སྐབས་དེར་རྒྱ་ནག་གིས་བོད་ཀྱི་ཆོས་དང་རིག་གཞུང་གཏོར་བཤིག་བཏང་སྟེ། བོད་ཀྱི་གསུང་རབ་དཔེ་ཆ་མང་པོ་ཞིག་ཀྱང་མེར་བསྲེགས་པ་རེད། འོན་ཀྱང་། ད་སྐབས་བོད་རྒྱུད་ནང་བསྟན་གཙོས་པའི་བོད་ཀྱི་ཆོས་དང་རིག་གཞུང་དེ་འཛམ་གླིང་སྟེང་ཁྱབ་བཞིན་ཡོད་པ་ནི། ༧ གོང་ས་མཆོག་གི་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པ་དང་མཁས་དབང་རྣམ་པའི་བཀའ་དྲིན་ཉག་གཅིག་ཡིན་སྟབས། དེ་སྔོན་༧གོང་ས་མཆོག་དང་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་བོད་ཀྱི་དཔེ་དེབ་དང་དཀར་ཆག་ཞུ་སྒྲིག་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་པ་ལྟར། ཐེངས་འདིའི་ཆོས་བརྒྱུད་རིས་མེད་ཀྱི་དཔེ་དེབ་ཞུ་སྒྲིག་དང་གནའ་དེང་དཀར་ཆག་རིག་པའི་ཟབ་སྤྱོང་འདི་གོ་སྒྲིག་བྱས་པ་ཡིན་སྐོར་སོགས་བརྗོད་སོང་།

དེ་ནས་སྐུ་མགྲོན་གཙོ་བོ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུད་འཛིན་ཡོང་བའི་དམིགས་ཡུལ་བཟུང་ནས་དཔེ་དེབ་ཞུ་སྒྲིག་དང་། གནའ་དེང་དཀར་ཆག་རིག་པའི་སྐོར་ལ་ཉིན་ལྔའི་རྒྱལ་ཡོངས་ཟབ་སྤྱོང་ཚོགས་པ་དོན་གྱི་དགོས་མཁོ་དང་འཚམ་པ་ཞིག་ཆགས་བསྡད་ཡོད་སྟབས། རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་ཡི་ཡོད། འདས་པའི་ལོ་ ༦༠ རིང་གི་བོད་མི་རིགས་ཀྱི་ལས་དབང་ལ་ཕྱིར་བལྟས་ཤིག་བྱས་ཚེ། ང་ཚོར་དགའ་སྐྱོ་གཉིས་ལྡན་གྱི་གནས་སྟངས་བྱུང་མྱོང་ལ། སྡུག་ཕྱོགས་ནས་བལྟས་ན། ང་ཚོས་སོ་སོའི་རྒྱལ་ཁབ་དང་ལུང་པ་ཤོར་ཏེ་བཙན་བྱོལ་ནང་ཡོང་དགོས་འཁེལ་བ་དང་། གཞིས་སྡོད་བོད་མི་ཚོར་ཡང་རང་དབང་མེད་པར་དྲག་གནོན་འོག་འདུག་དགོས་བྱུང་ཡོད་པ་རེད། བསྡོམས་བརྒྱབས་ཏེ་བཤད་ན། བོད་མི་རིགས་འཆི་གསོན་གྱི་འཇིགས་ཉེན་ཞིག་ལ་ལྷུང་ཡོད་པ་རེད། བོད་མི་འབུམ་གཅིག་ལྷག་འདས་གྲོངས་སུ་ཕྱིན་པ། དགོན་སྡེ་ཁག་སྟོང་ཕྲག་མང་པོར་གཏོར་བཤིག་ཐེབས་པ། སོགས་ཀྱི་གོད་ཆག་བྱུང་ཡོད་པ་རེད།

ཡང་ལེགས་པའི་ཆ་ནས་བལྟས་ཚེ། ང་ཚོ་ལོ་ངོ་སྟོང་ཕྲག་མང་པོའི་རིང་གངས་རི་ར་བས་བསྐོར་བའི་ནང་ལ་ཁུ་སིམ་མེར་བསྡད་དེ་གོ་ལའི་སྟེང་གནས་སྟངས་ག་རེ་འབྱུང་གི་ཡོད་མེད་དང་། ཕྱི་ལོགས་ནས་གངས་རིའི་ནང་ལོགས་སུ་གདོད་མིའི་མི་རིགས་ཤིག་ཡོད་པ་ལས་བོད་ལ་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པའི་གནས་སྟངས་སོགས་གང་ཡང་ཤེས་རྟོགས་བྱུང་མེད། འོན་ཀྱང་། ཕྱིས་སུ་ང་ཚོ་བཙན་བྱོལ་དུ་གྱེས་པ་ནས་བཟུང་༧ གོང་ས་མཆོག་གི་དབུས་པའི་བོད་ཀྱི་ཆོས་དང་རིག་གཞུང་དེ་འཛམ་གླིང་སྟེང་ཁྱབ་པ་མ་ཟད། འཛམ་གླིང་སྟེང་བོད་ཟེར་དུས་གཟུར་དུ་མེད་པའི་རིག་གཞུང་གི་བསྟི་གནས་ཤིག་ཡིན་པ་ངོ་སྤྲོད་རབ་གསལ་བྱུང་ཡོད་ལ། བོད་ནང་ལོགས་སུ་ཡིན་ཡང་བོད་ཀྱི་སྐད་དང་ཡི་གེ་དེ་ང་ཚོ་རང་དབང་ལུང་པའི་ནང་བསྡད་ཡོད་པ་ཚོ་ལས་ལྷག་གི་འབད་བརྩོན་བྱས་ཏེ་སྲུང་བསྡད་ཡོད་པ་རེད། འདས་པའི་ལོ་ངོ་དྲུག་ཅུའི་གནས་སྟངས་དེ་ང་ཚོའི་རྒྱལ་གླུའི་ནང་གསལ་ལྟར་ལེགས་ཉེས་བླང་དོར་གཉིས་ཀྱི་གནས་སྟངས་བྱུང་ཡོད་ལ། ད་ལྟ་ང་ཚོ་བཙན་བྱོལ་གྱི་མི་ཐོག་གསུམ་པ་དེ་མཇུག་རྫོགས་ལ་ཉེ་བའི་འཕོ་འགྱུར་གྱི་དུས་སྐབས་འདིར། ང་ཚོས་བོད་ཀྱི་མ་འོངས་པའི་ལོ་ངོ་སྟོང་ཕྲག་གི་ཆེད་དུ། ༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཐོག་བོད་རྒྱུད་ནང་བསྟན་གཙོས་པའི་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། འཕོ་འགྱུར་གྱི་ས་མཚམས་འདི་ནས་ནར་སོན་པ་དང་། དེང་རབས་ཟུང་འབྲེལ་ཐོག་མ་འོངས་པའི་ལམ་ཁར་ཕྱོགས་ཐུབ་དགོས། དེ་མིན་འདས་པའི་ལོ་ངོ་དྲུག་ཅུའི་གོང་གི་ནོར་འཁྲུལ་ལས་ང་ཚོར་ད་ལྟའི་གནས་བབ་འདི་བྱུང་བ་རེད།  ཅེས་གསུངས་སོང་།

གསར་འགོད་པ།  སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༡/༠༡

Leave a Reply

One thought on “གནའ་དེང་དཀར་ཆག་རིག་པའི་ཟབ་སྦྱོང་མགོ་བཙུགས།