གཞིས་ཆགས་ཁག་གི་ས་ཁང་བདག་མེད་རྣམས་ཕྱིར་བསྡུས་ཏེ་དགོས་མཁོ་ཅན་ཚོར་སྤྲོད་རྒྱུ་ཡིན།

ཧོན་སུར་རབ་རྒྱས་གླིང་སོགས་གཞིས་ཆགས་ཁག་ནང་ས་ཁང་སྟོང་པར་ལྷག་བསྡད་པ་རྣམས་ལ་བདག་པོ་མ་བྱུང་ཚེ་དབུས་ངལ་སེལ་ཚོགས་པར་བེད་སྤྱོད་ཀྱི་བདག་དབང་ཡོད་པ་ལྟར་དགོས་མཁོ་ཅན་ཚོར་སྒུག་ཐོའི་བང་རིམ་བཞིན་བགོ་འགྲེམས་གནང་རྒྱུ་ཡིན་འདུག

དེ་རིང་འདི་གའི་གསར་འགོད་པས་ནང་སྲིད་དྲུང་འཕར་ཀརྨ་ཆོས་དབྱིངས་ལགས་སུ། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཆེད་དུ་ཞིབ་འཇུག་གནང་བ་བརྒྱུད་བོད་མིའི་གཞིས་ཆགས་ཁག་ནང་ས་ཁང་བདག་མེད་དུ་གྱུར་བ་རྣམས་ཕྱིར་བསྡུ་བཞིན་ཡོད་པའི་སྐོར་ལ་བཀའ་འདྲི་ཞུས་པ་ལྟར་ན།  འདི་ལོར་རྒྱ་གར་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ཚང་མའི་ནང་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ནས་ས་ཁང་སྟོང་པ་ཡོད་མེད་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། ད་ལྟའི་བར་དུ་ས་གནས་ཁག་ཅིག་ནས་ས་ཁང་སྟོང་པར་ལུས་པའི་ཞིབ་འཇུག་གྲངས་ཐོ་གང་འཚམ་ཞིག་དབུས་ལ་འབྱོར་ཡོད་འདུག

ཞིབ་འཇུག་གི་གྲངས་ཐོ་འབྱོར་མཁན་དང་པོ་དང་ས་ཁང་བདག་མེད་མང་ཤོས་ཡིན་པའི་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ནང་བདག་མེད་ས་ཁང་སྟོང་པ་ ༢༨ བྱུང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན་ནང་སྲིད་ལས་ཁུངས་ནས་ཡོངས་བསྒྲགས་ཤིག་སྤེལ་ཏེ། འབྲེལ་ཡོད་ཁང་བདག་ཚོས་འདི་ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༣༡ འགྱངས་མེད་ལ་ས་གནས་མགོ་འཛིན་ལས་ཁུངས་སུ་ས་ཁང་སྒྲིག་ཁྲིམས་དང་འགལ་བ་ཇི་བྱུང་ལ་འགྱོད་བཤགས་དང་། མ་འོངས་པར་ས་ཁང་དང་འབྲེལ་བའི་སྒྲིག་ཁྲིམས་ཁག་ལ་བརྩི་སྲུང་བྱ་རྒྱའི་ཁས་ལེན་སྙན་ཞུ་མ་ཕུལ་ཚེ། ས་ཁང་སྟོང་པ་རྣམས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༥(༡)དང་ ༡༡(༡) དགོངས་དོན་དང་། རྒྱ་གར་གཞུང་གི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ (༢༠༡༤) ཀྱི་གཏན་འབེབས་དོན་ཚན་ ༤ པའི་ནང་གསེས་ཁ་པ་དང་ག་པའི་དགོངས་དོན་ལྟར། མངའ་སྡེའི་གཞུང་ནས་དབུས་ངལ་སེལ་ཚོགས་པའི་མིང་ཐོག་ལ་བོགས་མར་གནང་བའི་གཞིས་ཆགས་ཀྱི་ས་ཁང་བེད་སྤྱོད་གཏོང་རྒྱུའི་དབང་ཚད་ཡོད་པ་བརྗོད་འདུག

ས་ཁང་སྟོང་པ་ཞིབ་འཇུག་གི་ལས་གཞི་འདིའི་དམིགས་ཡུལ་སྐོར་ལ་ཀརྨ་ཆོས་དབྱིངས་ལགས་ཀྱིས། བཙན་བྱོལ་ནང་སྔོན་མ་ནས་སྐྱབས་བཅོལ་དུ་ཡོང་སྟེ་ས་ཁང་མ་རག་པར་ལྷག་བསྡད་པ་བརྒྱ་ཕྲག་མང་པོ་ཡོད། དམིགས་བསལ་དེང་སང་བོད་ནས་ཕེབས་པའི་ཁྲོད་ས་ཁང་དགོས་མཁན་མང་པོ་འབྱུང་གི་ཡོད་སྟབས། ནང་སྲིད་ལས་ཁུངས་ནས་རྒྱ་གར་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ཚང་མའི་ནང་ས་ཁང་སྟོང་པ་ཡོད་མེད་ཞིབ་འཇུག་བྱས་པ་བརྒྱུད་ཁང་པ་སྟོང་པ་དང་བདག་མེད་ཡིན་པ་གཏན་འཁེལ་བྱུང་རྗེས། ང་ཚོས་ས་ཁང་དགོས་མཁན་ཚོར་སྒུག་ཐོའི་བང་རིམ་བཞིན་ཁང་པ་མཁོ་སྤྲོད་བྱ་རྒྱུ་ཡིན། ཞེས་བརྗོད་བྱུང་།

ཉེ་སྔོན་ཡོངས་བསྒྲགས་བྱས་པའི་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱི་ས་ཁང་བདག་མེད་རྣམས་ལ་བདག་པོ་ཐོན་གྱི་ཡོད་མེད་དྲིས་པར། ད་ལྟའི་ཆར་ཁང་བདག་གཅིག་ཀྱང་འབྱོར་མ་སོང་ལ། ང་ཚོས་ཁང་པ་དབྱེ་ཞིབ་ཀྱི་ལས་གཞིའི་མགོ་བཙུགས་ཏེ་ཐོག་མར་དྲིལ་བསྒྲགས་ཀྱི་ལམ་ནས་ཁང་བདག་ཚོར་གོ་སྐབས་ཤིག་ཕུལ་ཡོད། ཁང་བདག་ཚོས་དེ་ངའི་ཁང་པ་ཡིན་ཞེས་བདག་དབང་བླངས་ཚར་རྗེས་བསྐྱར་དུ་ཁང་པར་སྒོ་ལྕགས་བརྒྱབ་སྟེ་ཕྱིན་པ་ཡིན་ན་སྒྲིག་ཁྲིམས་དང་འགལ་བ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས་བརྗོད་པ་ལྟར་ན། ད་ལྟའི་ཆར་ནང་སྲིད་ལས་ཁུངས་ལ་འབྱོར་བསྡད་པའི་སྙན་ཞུ་ཕུལ་མཁན་མི་བརྒྱ་ལྷག་ཅིག་དང་། དམིགས་བསལ་ས་ཁང་དགོས་མཁན་དྷ་སའི་ཉེ་འཁོར་དང་། ལྷོ་ཕྱོགས། རྡེ་ར་ལྡུན། མཱ་ན་ལི་སོགས་སུ་བོད་ནས་ཕེབས་པའི་སྐྱབས་བཅོལ་བ་བརྒྱ་ཕྲག་མང་པོ་ཞིག་བྱུང་ཡོད་འདུག

གསར་འགོད་པས་ས་ཁང་སྟོང་པའི་གྲངས་འབོར་དང་ས་ཁང་དགོས་མཁན་གྱི་གྲངས་འབོར་བར་ད་ལྟའི་གནས་སྟངས་ལ་བལྟས་ན་ཁྱད་པར་ཆེན་པོ་ཤོར་ཡོད་སྟབས། དེ་ལ་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་དམིགས་བསལ་འཆར་གཞི་ཡོད་མེད་དྲིས་པར། ནང་སྲིད་ལས་ཁུངས་ཀྱི་ངོས་ནས་ས་ཁང་སྟོང་པ་ཐོན་པ་རྣམས་སྒུག་ཐོའི་བང་རིམ་བཞིན་མཁོ་སྤྲོད་བྱ་རྒྱུ་ལས། གཞན་དམིགས་བསལ་འཆར་གཞི་དེ་འདྲ་མེད། ཉེ་སྔོན་སྤིར་གཞིས་ཆགས་ལ་ས་ཁང་གསར་རྒྱག་གི་ལས་གཞི་ཞིག་བྱུང་བ་རེད། དེ་ཡང་སྟབས་ལེགས་པ་ཞིག་ལ་སྤྱིན་བདག་ཡག་པོ་རག་ཡོད་སྟབས་ཁང་པ་འཛུགས་སྐྲུན་བྱེད་ཐུབ་ཡོད།  དེ་མིན་དེང་སང་ས་ཆའི་རིན་གོང་ཆེན་པོ་ཡིན་པ་མ་ཟད། ཁང་པ་གསར་པ་ཞིག་བརྒྱབ་དགོས་ན་འགྲོ་གྲོན་ཧ་ཅང་ཆེན་པོ་རེད།  ཅེས་བརྗོད་བྱུང་།

ཡང་རྒྱ་གར་གཞུང་ནས་བོད་མིར་ས་བོགས་མར་གཏོང་ཕྱོགས་སྐོར་དྲིས་པར་ཁོང་གིས། བོད་མིའི་གཞིས་ཆགས་ཁག་མང་ཆེ་བ་ཞིག་རྒྱ་གར་གཞུང་གིས་ང་ཚོ་བོད་མི་སྐྱབས་བཅོལ་བར་བོགས་མར་གནང་བ་ཡིན་ལ། གཞིས་ཆགས་ཁག་མང་པོ་ཞིག་ལ་བོགས་མའི་ལོ་མཐུད་རྫོགས་ཏེ་བསྐྱར་དུ་སླར་གསོ་བྱ་མ་ཐུབ་པའི་གནང་སྟངས་སོགས་འབྱུང་གི་ཡོད་པའི་དཀའ་ངལ་འོག  རྒྱ་གར་དབུས་གཞུང་དང་བོད་མིའི་སྒྲིག་འཛུགས་གཉིས་བར་བོགས་མའི་གན་རྒྱ་བཞག་སྟེ།  བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ནང་ས་ཆ་དེ་དག་གི་བདག་དབང་དབུས་ངལ་སེལ་ཚོགས་པར་གནང་ཡོད་ཀྱང་། ས་ཆ་དེ་དག་མངའ་སྡེའི་གཞུང་བརྒྱུད་བོགས་མར་གནང་བ་ཞིག་ཡིན་པ་ལས་ང་ཚོར་བདག་གི་མེད། ཅེས་བརྗོད་བྱུང་།

གསར་འགོད་པ།  སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༡/༠༢

Leave a Reply

One thought on “གཞིས་ཆགས་ཁག་གི་ས་ཁང་བདག་མེད་རྣམས་ཕྱིར་བསྡུས་ཏེ་དགོས་མཁོ་ཅན་ཚོར་སྤྲོད་རྒྱུ་ཡིན།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    ཡག་པོ་རེད་ཐུགས་རྗེ་ཆེ་བཀྲིན་ཆེ་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཐུབ་པ་ལ་གལ་ཆེ་བཤོོས་དེ་གཞིས་མི་གཞིས་ཆགས་ནང་གནས་ཐུབ་པའི་དེང་རབས་དང་མཐུན་པའི་ཞིང་ལས་དང་བ་ཕྱུག་གསོ་སྐྱོང་སོགས་གཞིས་མི་ཁྱིམ་ཚང་མི་རེ་ངོ་རེའི་ཡོང་འབབས་ལས་གཞི་གསར་གཏོད་རྒྱུད་ནས་ཁྱིམ་ཚང་གི་འཚོ་བ་འགན་འཁུར་ནས་གཞིས་ཆགས་བསྲ་བརྟན་བཟོ་དགོས་པ་དང་ཁྱིམ་ཚང་སོ་སོའི་ཐོབ་སྐལ་ས་ཞིང་ལ་ས་འོག་ཆུ་བྲུས་ནས་ཞིང་ཆུ་འདྲེན་གཏོང་དགོས་པ་ལས་གཞན་གྱི་ས་ཞིང་བོགས་མ་བླང་ནས་ཞིང་ཆུ་འདྲེན་ཚད་འགལ་བྱས་ཚེ་ནམ་ཞིག་གཞིས་མི་ལ་ཆུ་ཐུང་རྒྱུའི་དཀའ་ངལ་མི་འཕྲད་པའི་ངེས་པ་མེད་པ་དང་ས་ཞིང་མ་བཏབ་ནས་ས་སྟོང་བཞག་ནས་གཡས་གཡོན་ཞིང་རོགས་ལ་གླང་ཆེན་དང་ཕག་པ་སོགས་ནས་གནོད་སྐྱོན་བཟོ་བཞིན་པ་སོགས་ལ་དབུས་ས་གཉིས་ནས་ཐུགས་སྣང་གནང་རྒྱུ་དེ་ཕྱི་མ་དྲག་ནའང་སྔ་གང་ན་ཡོད་
    གཞིས་མི་གཞིས་ཆགས་གནས་པའི་ཁྲིམས་དང་སྒྲིག་གཞི་དབུས་ས་གཉིས་ཀྱི་ཁྲིམས་བཟོ་ལྷན་ཚོོགས་ནས་དུས་ཐོག་གཏན་འབེབས་གནང་དགོས་པ་དེ་གལ་ཆེན་དོན་ཆེན་ཞིག་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད་།