རྣམ་གྲྭ་སློབ་གཉེར་ཁང་གསར་པ་དབུ་འབྱེད་གནང་།

མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་རྣམ་གྲྭ་སློབ་གཉེར་ཁང་གསར་འཛུགས་ཀྱི་དམིགས་ཡུལ་གཙོ་བོ་ནི་རྣམ་རྒྱལ་གྲྭ་ཚང་གི་མ་འོངས་པའི་རྒྱུན་འཛིན་རྣམས་མིང་དོན་མཚུངས་པའི་ཤེས་ཡོན་ལྡན་པ་ཞིག་གསོ་སྐྱོང་ཐུབ་ཐབས་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་གསུམ་གྱིས་མཚོན་པའི་རྩ་ཆེའི་བཀའ་དགོངས་རྣམས་སྒྲུབ་པའི་ཆེད་དུ་ཡིན་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་ཀྱི་རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གསར་པའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྣམ་གྲྭ་སློབ་གཉེར་ཁང་གསར་པ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག དེ་བཞིན་རྣམ་རྒྱལ་གྲྭ་ཚང་གི་མཁན་དགེ་ལས་སློབ་ཕྲུག་རྣམ་པ་དང་སྦྱིན་བདག་རྣམ་པ། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་འཛོམས་འདུག

ཐོག་མར་རྣམ་རྒྱལ་གྲྭ་ཚང་གི་སྔགས་ཀྱི་འཛིན་གྲྭ་དང་དབུ་མའི་འཛིན་གྲྭ། ཕར་ཕྱིན་འཛིན་གྲྭ། གྲུབ་མཐའི་འཛིན་གྲྭ། བློ་རྟགས་འཛིན་གྲྭ། རིགས་ལམ་འཛིན་གྲྭ། སྔོན་འགྲོའི་འཛིན་གྲྭ་བཅས་ནས་དུས་ཡུན་སྐར་མ་ ༥ རེར་རྟགས་གསལ་གཟིགས་འབུལ་ཞུས་རྗེས། རྣམ་གྲྭ་སློབ་གཉེར་ཁང་གི་སློབ་སྤྱི་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས། རྣམ་རྒྱལ་གྲྭ་ཚང་གི་ཤེས་ཡོན་སློབ་སྦྱོང་གི་འཕེལ་རིམ་དང་སློབ་གཉེར་ཁང་གསར་པའི་གནས་སྟངས་སྐོར་སྙན་སྒྲོན་ཞུ་སྐབས། སྐུ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་ནི། ཕྱི་ལོ་ ༡༥༠༩ ལོར་རྒྱལ་དབང་སྐུ་ཕྲེང་གཉིས་པ་རྗེ་དགེ་འདུན་རྒྱ་མཚོ་མཆོག་གིས་ཕྱག་བཏབ་པ་ནས་ད་ལྟའི་བར་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ཐུན་མོང་མ་ཡིན་པའི་གྲྭ་ཚང་ཞིག་ཆགས་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་རྗེས།  ཕྱི་ལོ་ ༡༩༦༢ ལོར་ཐེག་ཆེན་གཙུག་ལག་ཁང་དུ་སྐུ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གསར་འཛུགས་གནང་སྟེ། སྔར་སྲོལ་བཞིན་རྒྱལ་བའི་ཞབས་བརྟན་གཙོས་པའི་མདོ་སྔགས་རིག་གནས་དང་། མཚན་ཉིད་ཀྱི་གཞུང་། དེ་བཞིན་གཏོར་སྒྲུབ་སྒྲུབ་མཆོད། དཀྱིལ་འཁོར་འབྲི་ཐིག འདོན་རྟ་དབྱངས། གཏོར་བཟོ་དཀར་རྒྱན། དུང་རྒྱ་རོལ་མོ། གར་འཆམ་སོགས་བསྐྱར་གསོ་གནང་བ་ནས་ད་ལྟའི་བར་མི་ལོ་ ༤༧ འགྲོ་བཞིན་ཡོད་པ་དང་། རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གསར་པ་དེ་ཡང་༧གོང་ས་མཆོག་དང་མཁན་རིན་པོ་ཆེ་མཆོག་རྣམ་པ་གཉིས་ཀྱི་ཐུགས་རྗེའི་བཀའ་དྲིན་འོག ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༢ ཉིན་མགོ་བཙུགས་ནས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༨ ཉིན་རྟེན་དང་བརྟེན་པ་ཡོངས་སུ་གྲུབ་ཡོད་པ་དང་། སློབ་གཉེར་ཁང་དེ་བཙུགས་པའི་དགོས་དམིགས་གཙོ་བོ་ནི་མ་འོངས་པར་རྣམ་རྒྱལ་གྲྭ་ཚང་གི་གྲྭ་རྒྱུན་གསོ་སྐྱོང་གནང་རྒྱུ་དེ་ཡིན་ཞིང་།  ད་ལྟ་སློབ་གཉེར་ཁང་ནང་དགེ་འདུན་པ་ ༢༢༣ ཡོད་པའི་གྲས་ནས་རྒན་པ་ ༤༢ དང་། འབྲིང་བ་ ༩༨། ཆུང་བ་ ༢༥།  གཞན་ཡང་མོན་ཡུལ་གྱི་ས་གནས་ཁག་མི་འདྲ་བ་ ༧ ནས་གསར་དུ་འཛུལ་ཞུགས་བྱེད་མཁན་གྲྭ་ཕྲུག་ ༥༨། དེ་བཞིན་དགེ་ལས་ཁྱོན་ ༢༢ ཡོད་པ་དང་། སློབ་གཉེར་ཁང་གི་འཁྲིད་གཞི་གཙོ་བོ་འཛིན་རིམ་དྲུག་པ་ནས་བཅུ་བའི་བར་ཚན་རིག་དང་ཨང་རྩིས། བོད་ཡིག་བཅས་དང་། འཛིན་རིམ་བཅུ་གཅིག་ནས་བཅུ་དྲུག་བར་སུམ་རྟགས་དག་གསུམ། སྙན་ངག་མངོན་བརྗོད། རྒྱལ་རབས་ཆོས་འབྱུང་། རྩོམ་རིག དེ་བཞིན་དབྱིན་ཇིའི་སྐད་ཡིག་སོགས་འཛམ་གླིང་སྤྱིའི་ཤེས་ཡོན་ཁག་ཀྱང་སློབ་འཁྲིད་བྱེད་ཀྱི་ཡོད་སྐོར་བརྗོད་སོང་།

རྣམ་གྲྭ་སློབ་གཉེར་ཁང་གི་ཨར་ལས་འགན་འཛིན་བསྟན་འཛིན་དགེ་བྱེད་ལགས་ཀྱིས་སློབ་གཉེར་ཁང་གི་རྟེན་དང་བརྟེན་པ་བཅས་ཀྱི་ཨར་ལས་འཛུགས་སྐྲུན་གྱི་འགྲོ་གྲོན་སྙན་སྒྲོན་ཞུ་སྐབས། ཐོག་རྩེག་ཁང་དྲུག་ཡོད་པའི་རྣམ་གྲྭ་སློབ་གཉེར་ཁང་གསར་པའི་ཨར་ལས་འཛུགས་སྐྲུན་དང་། ནང་ཆས་བཅས་ལ་ཁྱོན་ཧིན་སྒོར་འབུམ་ ༦༩༩ ལྷག་སོང་ཡོད་པ་དང་། དེའི་ནང་ནས་ཧིན་སྒོར་འབུམ་ ༡༠༠ དགའ་ལྡན་ཕོ་བྲང་ནས་གནང་ཡོད་སྐོར་བརྗོད་སོང་།

དེའི་རྗེས་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ནས་རྣམ་གྲྭ་སློབ་གཉེར་ཁང་གསར་འཛུགས་ཀྱི་དགོས་དམིགས་དང་། མ་འོངས་ཞུ་སྒོ་བཅས་ཀྱི་སྐོར་ལ་གསུང་བཤད་གནང་དོན། རྣམ་རྒྱལ་གྲྭ་ཚང་ནི་མ་འོངས་པར་གཞི་རིམ་གྱི་ཤེས་ཡོན་དང་མདོ་སྔགས་ཀྱི་གཞུང་ཆེན་མོའི་ཤེས་ཡོན་ལྡན་པ་ཞིག་ཡོང་ཐབས་ལ་དམིགས་ཏེ་གསར་བསྐྲུན་བྱས་པ་རེད། སློབ་གཉེར་འཛུགས་སྐྲུན་གྱི་མཐུན་རྐྱེན་ཡང་གྲྭ་ཚང་ནས་གཏོང་མ་དགོས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གསོལ་སྩལ་བཀའ་དྲིན་བསྐྱངས་པའི་ཐོག ཨེ་ཏ་ལེའི་དགེ་ཕན་ཆོས་ཚོགས་ཁག་དང་བརྩེ་བའི་སློབ་ཕྲུག་རྣམ་པ། ཆོས་གྲོགས་རྣམ་པ་ཐུན་མོང་ནས་བསོད་ནམས་གསོག་པའི་སྐལ་བ་བཟང་པོ་ཐོབ་པ་ལྟར། ལྷག་བསམ་རྣམ་དག་དང་དགའ་དད་སྤྲོ་གསུམ་གྱི་ཐོག་ནས་ཆ་ལག་ཚང་བའི་ཤེས་ཡོན་གྱི་ལྟེ་གནས་སློབ་གཉེར་ཁང་འདི་བསྐྲུན་ཐུབ་པ་བྱུང་བ་ནི་ཡིད་རངས་ཀྱི་གནས་སུ་མཆིས། སློབ་གཉེར་ཁང་བཙུགས་པའི་དམིགས་ཡུལ་ནི། གཅིག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་བླ་ན་མེད་པའི་ལམ་སྟོན་ལྟར། མ་འོངས་པར་དགོན་སྡེ་རྣམས་ཤེས་ཡོན་གྱི་ལྟེ་གནས་སུ་འགྱུར་རྒྱུ་དང་། དགོན་པ་ཞེ་ན་དཔལ་ན་ལེནྜའི་མཁས་པའི་གཞུང་དྲི་མ་མེད་པ་དག་འཛིན་སྐྱོང་སྤེལ་གསུམ་གནང་སའི་ཆེས་མཐོའི་སློབ་གཉེར་ཁང་གི་རྣམ་པ་ཡིད་ངོར་འཆར་ཐུབ་པ་ཞིག་བསྐྲུན་རྒྱུ། དུས་རབས་ཉེར་གཅིག་པའི་ཤེས་ཡོན་ཅན་གྱི་ནང་པ་ཞིག་དང་མཁས་བཙུན་བཟང་གསུམ་འཛོམས་པ་ཤ་སྟག་ཡོང་ཐབས་བྱ་རྒྱུ། དེ་བཞིན་འཛམ་གླིང་སྤྱི་ཡོངས་ལ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དང་བྱམས་བརྩེ་གོང་མཐོར་སྤེལ་ཐབས། རྒྱལ་བའི་བཀའ་འགྱུར་རིན་པོ་སློབ་གཉེར་བྱ་ཆེད་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ལ་སློབ་སྦྱོང་གི་གོ་སྐབས་ཡོད་པ། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དང་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་ཉམས་སུ་ལེན་པ་སོགས་རླབས་ཆེན་གྱི་དགོངས་གཞི་དང་ལམ་སྟོན་བཅས་ཀྱི་ཞབས་འདེགས་ཆ་ཚང་སྒྲུབ་ཐབས་དང་། མ་འོངས་པར་༧རྒྱལ་མཆོག་སྐུ་འཕྲེང་རིམ་བྱོན་རྣམས་ལའང་ཐུགས་ཕན་གསོ་ཐུབ་པ་ཞིག་ཡོང་ཐབས། དེ་བཞིན་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཤེས་པའི་ཐོག་ནས་སློབ་གཉེར་བ་རང་རང་སོ་སོའི་མ་འོངས་མི་ཚེ་དེ་ཤེས་ཡོན་ལྡན་པ་ཞིག་དང་། བྱམས་བརྩེ་དང་ལྡན་པ། ཡ་རབས་སྤྱོད་བཟང་དང་ལྡན་པ་ཞིག་ཡོང་ཐབས། གཉིས་ནས་རྣམ་རྒྱལ་གྲྭ་ཚང་གི་མ་འོངས་པའི་རྒྱུན་འཛིན་མིང་དོན་མཚུངས་པའི་ཤེས་ཡོན་ལྡན་པ་ཞིག་གསོ་སྐྱོང་ཐུབ་ཐབས། གསུམ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་གསུམ་གྱིས་མཚོན་པའི་རྩ་ཆེའི་བཀའ་དགོངས་ཐོག་ཤར་སྐྱོད་ཀྱིས་ཞབས་ཞུ་སྒྲུབ་ཐབས་དང་། ཕུགས་ཀྱི་དམིགས་ཡུལ་བཟང་པོ་རྣམས་འགྲུབ་ཐུབ་པ་བྱ་རྒྱུ་བཅས་ཡིན། ཞེས་སོགས་གསུངས་སོང་།

གཞན་ཡང་། དགའ་ལྡན་ཕོ་བྲང་ཡིག་ཚང་གི་གསལ་བསྒྲགས་ལྟར་ན། སང་ཉིན་ཕྱི་ཚེས་ ༣ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྔ་དྲོའི་ཆུ་ཚོད་ ༩ པ་ནས་ ༡༡།༣༠ བར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༡/༠༢

Leave a Reply

One thought on “རྣམ་གྲྭ་སློབ་གཉེར་ཁང་གསར་པ་དབུ་འབྱེད་གནང་།

  1. བོད་པའི་གསར་འགྱུར་དང་ཆོ་ག་ཕྱག་ལེན།
    བོད་ཀྱི་དེ་ཕོ་མ་ཡིན་པའི་བོད་ཡིག་གསར་འགྱུར་བརྒྱུད་ལམ་དྲུག་གིས་གསར་འགྱུར་དང་དུས་ཚེས་རེས་མོས་བྱས་ནས་གཅིག་པ་གཅིག་རྐྱང་བཀོད་འདུག དེང་དུས་གསར་འགོད་པ་ཚོ་གཡང་ལ་མཆོངས། མེར་ལྕེབས། རང་སྲོག་ལག་ནང་དུ་བཟུང་ནས་གཡུལ་སར་གསར་འགྱུར་འཚོལ་དུ་འགྲོ་བཞིན་པའི་སྐབས་འདིར། ཉལ་ས་ན་མིག་ཕྱེས་མ་བཙུམ་བྱས་ནས་བསྡད་ཡོད་པའི་བོད་པའི་གསར་འགོད་པ་འདི་ཚོར། གསར་འགྱུར་གསར་པ་འགོད་མི་དགོས་པར་གསར་རྙིང་སྐྱར་འགོད་བྱེད་པའི་འགྲན་སྡུར་ལ་ཞུགས་པས་ཆོག་ན། ཨ་རིས། བོད་སྐད་རླུང་འཕྲིན་སྒོ་རྒྱག་པ་དང་ཡང་ན་འགྲོ་གྲོན་ཉུང་འཕྲི་བྱ་བའི་གྲོས་འཆར་ལོ་རེར་བཏོན་དང་འདོན་བཞིན་པར་རྒྱུ་མཚན་མེད་པ་ག་ལ་ཡིན། ཨ་རིས་མི་མང་གི་ཤ་རུས་བཙིར་ནས་བཏོན་པའི་དཔྱ་ཁྲལ་དེ། རང་མི་མང་གི་འཚོ་ཐབས་སུ་མ་བཏང་བར། བོད་པར་རྒྱུ་མཚན་དུ་མ་ཞིག་ལ་བརྟེན་རོགས་རེམས་བྱས་ནའང་། བོད་པ་རང་ངོས་ནས་རླབས་ཆེ་བའི་བྱ་གཞག་ཆེན་པོ་ཞིག་ཕར་ཞོག ཐ་ན་རང་གི་སྐད་ཡིག་ནང་གསར་འགྱུར་ཅིག་འགོད་པར། སུམ་རྟགས་གཉིས་ཕར་ཞོག དག་ཆ་ཙམ་ཡང་མི་འཁྱོངས་པའི་གསར་འགྱུར་ཉི་ཚེ་བ་དེ་འདྲ་བཀོད་ནས། ཡར་སྐུ་ངོ་དང་སྐུ་ངོ་ཞེས་བོས་ན་ཐམས་ཅད་འགྲིག་འགྲོ་བའི་ལམ་ཁ་ཞིག་ཡོད་པ་རེད།