ཊི་རུམ་ཕིའི་རྒྱལ་དོན་སྐོར་སྐྱོད་སྐབས་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུས།

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཁག་ཅིག་གིས་སྲིད་འཛིན་ཊི་རུམ་ཕིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཐུག་འཕྲད་གནང་སྐབས་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

དེ་རིང་ཨ་རིའི་སྲིད་འཛིན་ཊི་རུམ་ཕིས་རྒྱ་ནག་དང་ཉི་ཧོང་། ལྷོ་ཀོ་རི་ཡ། ཝེ་ཋི་ནམ། ཧྥེ་ལེ་ཕེན་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནང་རྒྱལ་དོན་སྐོར་སྐྱོད་བྱེད་མགོ་བཙུགས་ཡོད་པ་དང་། ཐེངས་འདིའི་རྒྱལ་དོན་སྐོར་སྐྱོད་ལ་དམིགས་ཡུལ་གཙོ་བོ་ལྔ་ཡོད་པ་ནི། དང་པོ། ཨ་རི་དང་ཨེ་ཤ་ཡའི་རྒྱལ་ཁབ་ཕན་ཚུན་བར་གྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུ་དང་། གཉིས་པ། རྒྱ་ནག་གི་རྒྱབ་སྐྱོར་ལ་བརྟེན་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་དཀའ་རྙོག་སེལ་རྒྱུ། གསུམ་པ། ཉི་ཧོང་དང་ལྷོ་ཀོ་རི་ཡ་གཙོས་པའི་ཨ་རིའི་ཕྱོགས་འབྲེལ་རྒྱལ་ཁབ་ཁག་བར་དམག་དོན་མཉམ་འབྲེལ་བྱ་རྒྱུ། བཞི་པ། ཨ་རྒྱ་གཉིས་བར་གྱི་ཉོ་འཚོང་འབྲེལ་ལམ་ཡར་རྒྱས་གཏང་རྒྱུ། ལྔ་པ། རྒྱ་ནག་དང་ཧྥེ་ལེ་ཕེན་གཉིས་བར་གྱི་འབྲེལ་ལམ་བརྒྱུད་ཨ་རི་དང་ཧྥེ་ལེ་ཕེན་གཉིས་བར་གྱི་རྒྱལ་འབྲེལ་སྲིད་ཇུས་ལ་འཕོ་འགྱུར་ཡོང་ཐབས་བཅས་ཡིན་འདུག

སྲིད་འཛིན་ཊི་རུམ་ཕི་ཡི་རྒྱལ་དོན་སྐོར་སྐྱོད་དང་སྟབས་བསྟུན། ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རའོ་སི་ལི་ཊེ་ནན་ (IIeana Ros-Lehtinen)ལགས་དང་ཊི་ཌི་ཡོ་ཧོ་ (Ted Yoho)ལགས། བྷི་ར་ཌི་ཤཱར་མན་ (Brad Sherman)ལགས་སོགས་ཀྱིས། ཊི་རུམ་ཕིའི་རྒྱ་ནག་ནང་སྐོར་སྐྱོད་སྐབས་བོད་དོན་གླེང་སློང་གནང་དགོས་པའི་སྐོར་གྱི་འབོད་སྐུལ་གྲོས་འཆར་ཞིག་བཏོན་ཡོད་པ་དང་། གྲོས་འཆར་དེའི་ནང་། ཊི་རུམ་ཕི་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་ཐོག་ནས་རྒྱ་ནག་དང་འབྲེལ་བ་གནང་སྐབས་བོད་དོན་གལ་ཆེར་འཛིན་དགོས་པ་དང་། དེ་ཡང་ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཀྱི་སྲིད་བྱུས་ཞེས་པ་གཏན་འབེབ་བྱས་ཡོད་པའི་འབྲུ་དོན་ལྟར། སྲིད་བྱུས་དེ་མུ་མཐུད་ལག་བསྟར་གནང་དགོས་པ་དང་། ཊི་རུམ་ཕི་གཞུང་གིས་རྒྱ་ནག་གཞུང་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་གྲོས་མོལ་བསྐྱར་གསོ་བྱ་དགོས་པ་དང་། བོད་རིགས་གཙོས་པའི་ཨ་རིའི་མི་སེར་ཚོ་རང་དབང་གི་ཐོག་ནས་བོད་ཁུལ་དུ་འགྲུལ་སྐྱོད་བྱེད་དུ་འཇུག་པ་སོགས་ཀྱི་འབོད་སྐུལ་ཞུ་དགོས་ཞེས་བརྗོད་ཡོད་འདུག

ཡང་བོད་ནང་གི་དྲག་གནོན་སྲིད་བྱུས་མཚམས་འཇོག་དགོས་པའི་སྐོར་ལ་གྲོས་འཆར་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་དྲག་གནོན་སྲིད་བྱུས་གཙོ་བོ་ཁག་ནི། གཅིག བོད་མི་དང་ཨ་རིའི་མི་སེར་ཚོ་བོད་ཁུལ་དུ་འགྲུལ་སྐྱོད་བྱེད་པར་བཀག་སྡོམ་དང་། གཉིས། བོད་ནང་གི་ཆོས་དད་རང་དབང་ལ་དམ་དྲག གསུམ། གསེར་རྟ་བླ་རུང་སྒར་གཙོས་པའི་བོད་ཁུལ་གྱི་ནང་པའི་དགོན་སྡེ་ཁག་གཏོར་བཤིག བཞི། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་མུ་མཐུད་འཛིན་བཟུང་བཀག་བསྐྱིལ། གཞན་ཡང་བོད་མི་ཚོས་རྒྱ་ནག་གཞུང་གི་དམ་དྲག་སྲིད་བྱུས་འོག་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བཞིན་པའི་སྐོར་སོགས་བརྗོད་ཡོད་འདུག

སྲིད་འཛིན་ཊི་རུམ་ཕིས་ཨེ་ཤ་ཡའི་ནང་ཉིན་གྲངས་ ༡༢ རིང་རྒྱལ་དོན་སྐོར་སྐྱོད་བྱེད་བཞིན་ཡོད་པ་ལྟར། ཟླ་འདིའི་ཚེས་ ༨ ཉིན་རྒྱ་ནག་ནང་སྐོར་སྐྱོད་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་མཉམ་དུ་ཕྱོགས་གཉིས་ཀྱི་ཁེ་ལས་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་དཀའ་རྙོག་སྐོར་ལ་གྲོས་མོལ་བྱ་རྒྱུ་དང་། དེའི་རྗེས་ཝེ་ཋི་ནམ་གྱི་གྲོང་ཁྱེར་ཌ་ནཱང་ (Danang) ནང་དུ་འཚོགས་འཆར་ཡོད་པའི་ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་སྐོར་གྱི་མཐོ་རིམ་དཔོན་རིགས་ཀྱི་ཚོགས་ཆེན་ (Apec CEO) དང་། ཧྥེ་ལེ་ཕེན་གྱི་གྲོང་ཁྱེར་མཱ་ལེ་ནཱ་ (Manila) ནང་འཚོགས་འཆར་ཡོད་པའི་ཨ་རི་དང་ཨེ་ཤ་ཡའི་ཕྱི་འབྲེལ་སྲིད་བྱུས་སྐོར་གྱི་མཐོ་རིམ་དཔོན་རིགས་ཚོའི་གྲོས་མོལ་ཚོགས་ཆེན་ (US-Asean Summit) གཉིས་ཀྱི་ཐོག་མཉམ་ཞུགས་གནང་རྒྱུ་ཡིན་པ་དང་། ཚོགས་ཆེན་དེ་གཉིས་ཀྱི་ནང་ཨོ་སི་ཊོ་ལེ་ཡ་དང་རྒྱ་ནག རྒྱ་གར། ཉི་ཧོང་། ནེའུ་ཛིོ་ལན་ཌི། ལྷོ་ཀོ་རི་ཡ། ཨུ་རུ་སུ། ཨ་རི་སོགས་རྒྱལ་ཁབ་ཁག་ཅིག་གི་དབུ་འཁྲིད་དང་། ཕྱི་འབྲེལ་དཔོན་རིགས། ཁེ་ལས་དཔོན་རིགས་སོགས་མཉམ་ཞུགས་བྱ་འཆར་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༡/༠༣

Leave a Reply

3 thoughts on “ཊི་རུམ་ཕིའི་རྒྱལ་དོན་སྐོར་སྐྱོད་སྐབས་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུས།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    ཨ་རིའི་སྲིད་འཛིན་ནས་རྒྱ་ནག་སྲིད་འཛིན་ལ་བྱང་ཀོ་རི་ཡའི་གནད་དོན་དང་འབྲེལ་བའི་སྐོར་རྒྱ་ནག་སྲིད་འཛིན་ལ་རོགས་མགོན་ཞུ་མཁན་ཞིག་ལ་ང་ཚོའི་རེ་བ་བཅོལ་བ་ནས་རེ་འབྲས་གསོན་མིན་འཐེ་ཚོམ་ནང་ལྷག་མི་འདུག་གམ་ཧཧཧ

  2. རྒྱུད་གྲྭ་བློ་བཟང་དབང་འདུས།

    འགྲོ་ཚོགས་འོག་མའི་འབོད་སྐུལ་ལ་ ཧཱུཾ་ཕཊ་སྭཧཱ། གང་ལྟར་ རྒྱལ་ཁབ་ཕན་ཚུན་ ཐལ་འཚུབ་ལ་ སྣུམ་ཞིག་འདོན་རྒྱུ་ཡོད། དེ་མེད་ན་དཀའ་ལས་ཁག་པོ་ཡིན། ཨོཾ་མ་ཎི་པདྨེ་ཧཱུཾ།

  3. གང་ལྟར་ང་ཚོའི་དུས་ནམ་ཡིན་རུང་རང་ཉིད་ཀྱིས་གཙོ་བོ་མི་སྒྲུབ་པར་གཞན་ཞིག་ལ་རེ་བ་བཅོལ་བ་དང་ཡིད་ཆེས་བྱེད་པ་སོགས་ཆོས་ཉིད་འདྲ་བོ་རེད། རྒྱལ་དོན་ཕྱོགས་བསྐྱོད་སྐབས་ངས་ལྟས་ན་རེ་བ་ཆེན་པོ་ཞིག་རྒྱག་ས་མི་འདུག་བསམ་ནས་ཡོད། སྦྱིར་ཨ་རིའི་ནང་སྐུར་མ་གནང་མཁན་ཡོད་ན་ཡང་ཁོང་གིས་དང་པོ་ནས་སྐད་ཆ་བཤད་ལུགས་ལ་བལྟས་ན་ཡང་གནས་སྟངས་གསལ་བོ་བཟོ་ཚར་བ་རེད། ད་བར་འུ་ཅག་ལ་རེ་བ་རྒྱབ་ས་ཞིག་ལྷག་ཡོད་པ་མ་རེད་འདོད། ཡིན་ན་ཡང་རྒྱ་ཨ་རྒྱ་གཉིས་ཚོང་ལམ་ཞིག་གིས་ཕྱིར་མིང་ཙམ་རེ་གླེང་བར་རེ་བ་བྱེད་ཆོག་གི་རེད།