བསྟན་པ་སྤྱི་མཚན་གྱི་ཐོག་ནས་བསམ་བློ་བཏང་སྟེ་ཚང་མ་མཐུན་སྒྲིལ་ཡོང་རྒྱུ་དཔེ་གལ་ཆེན་པོ་རེད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བླ་མ་ཟེར་ན་ནང་གི་ཡོན་ཏན་གྱི་ཐོག་ནས་ཡོང་དགོས་པ་རེད་མ་གཏོགས་མིང་ཙམ་གྱིས་བླ་མ་ཆགས་ཀྱི་མེད་སྐོར་གསུངས་སོང་།
 
དེ་རིང་ཞོགས་པའི་ཆུ་ཚོད་ ༩ པའི་སྟེང་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་དུ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་བསྩལ་སོང་བ་དང་། ཨི་ཊ་ལི་དང་ཝི་ཏི་ནམ། ཧི་མ་ལ་ཡའི་རི་བརྒྱུད། བོད་བཅས་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་གཙོས་དྷ་ས་ཁུལ་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་སེར་སྐྱ་མི་མང་། དེ་བཞིན་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ནས་ཡོང་བའི་ནང་ཆོས་དོན་གཉེར་བ་བཅས་མི་གྲངས་ ༣༠༠༠ ལྷག་འཛོམས་འདུག 
གསུང་ཆོས་དབུ་འཛུགས་མ་གནང་གོང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་ནས་ནམ་རྒྱུན་ཆོས་འབྲེལ་མ་བྱས་གོང་ཆོས་ཟེར་བ་འདི་དགོས་མཁོ་ཡོད་མེད་སྐོར་ཞུ་ཡི་ཡོད། དེ་ནས་སངས་རྒྱས་པའི་ཆོས་ཟེར་བ་དེ་ག་འདྲ་ཞིག་ཡིན་པ་ངོ་སྤྲོད་བྱེད་ཀྱི་ཡོད། དུས་རབས་ ༢༡ པའི་ནང་ཆོས་ཞེས་པ་དེར་འབྲེལ་བ་ཡོད་བསྡད་པ་དང་། ཡང་སྒོས་ནང་པ་སངས་རྒྱས་པའི་ཆོས་དེར་འབྲེལ་བ་ཆེན་པོ་ཆགས་བསྡད་པ་མཐོང་ཡོང་དུས། ཆོས་ཟེར་བ་དེ་ངོ་སྤྲོད་བྱེད་དགོས་པ་དང་། ཆོས་ཤེས་པའི་ཐོག་ནས་དད་པ་ཐོབ་པ་ཞིག་བྱུང་ན། ཉམས་ལེན་བྱ་རྒྱུ་དེའང་གལ་ཆེན་དོན་ཆེན་དུ་བྱས་ནས་ཉམས་ལེན་བྱ་རྒྱུ་ཞིག་ཡོང་གི་རེད། དེ་མིན་འཆར་ཅན་འཆར་ཅན་དུ་བྱས་ནས་འགྲོ་བསྡད་ན་དགོས་པ་ཞིག་མཐོང་གི་མི་འདུག ཅེས་གསུངས་སོང་།
 
༧གོང་མཆོག་གིས་གསུངས་དོན། ཆོས་ལུགས་ཚང་མས་བྱམས་བརྩེ་བཤད་ཀྱི་ཡོད་རེད། བཟོད་པའི་ཉམས་ལེན་བཤད་ཀྱི་ཡོད་རེད། རང་ཁྲིམས་སྲུང་དགོས་པ་བཤད་ཀྱི་ཡོད་རེད། འོན་ཀྱང་དེ་འདྲ་གསུང་མཁན་ཆོས་བརྒྱུད་དེ་རང་གིས་སྐབས་རེ་རྙོག་དྲ་བཟོ་ཡི་འདུག དཔེར་ན། དེ་རིང་ཁ་སང་འབར་མའི་ནང་ཆ་བཞག་ན། དངོས་གནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དེ་སྙིང་རྗེ་རྩ་བར་འགྱུར་བའི་ཆོས་ཤིག་ཡིན་ཡང་། སངས་རྒྱས་པའི་ཆོས་ལ་ཞེན་ཁོག་བྱས་ཏེ་འབར་མའི་ནང་་གི་ཁ་ཆེའི་རྗེས་འབྲང་བ་ཚོར་སྡུག་པོ་གཏོང་བ་དེ་འདྲ་ཡོང་སྡོད་ཀྱི་འདུག ཁ་ཆེའི་རྗེས་འབྲང་བ་ནང་ཁུལ་ཡིན་ནའང་ཤི་ཡཱ་དང་སུ་ནཱི་བར་ཕན་ཚུན་གསོད་རེས་གཏོང་བ། དེ་བཞིན་ཡི་ཤུ་དང་ཁ་ཆེ་བར་ལ་གསོད་རེས་གཏོང་བ་ཡོང་གི་འདུག དེ་ཚོ་ནི་ཧ་ཅང་ཐབས་སྐྱོ་བོ་འདུག ད་ལྟ་ང་ཚོ་འདིར་ལྷོད་ལྷོད་ཞི་བདེ་ངང་སྡོད་ཡོད་ཀྱང་། དུས་ཚོད་འདིའི་རིང་ལ་འཛམ་གླིང་གི་ཕྱོགས་གཞན་ཞིག་ལ་གསོད་རེས་བྱེད་ཀྱི་ཡོད་པ་རེད། ང་ཚོས་མི་གཞན་དག་ལ་བསམ་བློ་མ་གཏོང་བར་སོ་སོ་རང་ཉིད་གཅིག་པུར་བསམ་བློ་བཏང་སྟེ་ཆོག་ཤེས་བྱེད་སྡོད་ཡོད་ན། འགྲིག་བསྡད་ཡོད་པ་འདྲ་བོ་མཐོང་གི་རེད་དེ། འཛམ་གླིང་གི་མི་ཚང་མ་གཅིག་པ་ཡིན་པའི་ཐོག་ནས་བསམ་བློ་ཏོག་ཙམ་གཏང་ན། འཛམ་གླིང་འདི་ཧ་ཅང་ཐབས་སྐྱོ་བོ་ཞིག་ཏུ་མཐོང་གི་རེད། ཅེས་གསུངས་སོང་།
 
ཡང་འཛམ་གླིང་འདིའི་སྒང་ཆོས་ཁས་མི་ལེན་མཁན་དུང་ཕྱུར་ ༡༠ ལྷག་ཡོད་པ་དེར་ཁག་མེད་སྐོར་ཁོང་གིས། འཛམ་གླིང་འདིའི་སྒང་དུ་མི་འབོར་དུང་ཕྱུར་ ༧༠ ཙམ་ཡོད་པའི་ནང་ནས་མི་དུང་ཕྱུར་ ༡༠ ཙམ་གྱིས་ཆོས་ལ་དད་པ་བྱེད་ཀྱི་ཡོད་པ་མ་རེད། ཁོང་ཚོར་ཁག་ཀྱང་མི་འདུག ཆོས་ཀྱིས་མི་ལ་ཞེ་དྲགས་ཕན་ཐོགས་བྱེད་མ་ཐུབ་པ་འདྲ་བོ་དང་། ཆོས་པ་ཚོ་ཡིན་ན་ཡང་ཆགས་སྡང་གི་དབང་དུ་ཕྱིན་ཏེ་ཞབས་འདྲེན་བཞག་བསྡད་པ་འདྲ་བོ་མཐོང་བའི་སྐབས་ལ། དངོས་གནས་ཆོས་ལ་ཧ་ལམ་ཞེན་པ་ལོག་འགྲོ་བ་ཡོང་ཆོག་པ་རེད། དེར་བརྟེན་ཆོས་ཁས་ལེན་དང་མ་ལེན་གང་ཡིན་ཡང་སེམས་པ་བཟང་པོ་བྱ་རྒྱུ་དེ་གལ་ཆེ་ཤོས་རེད། སེམས་པ་བཟང་པོ་སུས་ཡིན་ཡང་བྱེད་ཐུབ་པ་ཞིག་ཡིན། གང་ཡིན་ཟེར་ན། མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེ་ཡིན་པ་རེད། དེ་ནི་ཆོས་ཀྱི་སྐད་ཆ་མ་རེད་ཚན་རིག་པ་ཚོས་ཀྱང་དེ་ལྟར་བཤད་སྡོད་ཀྱི་ཡོད་རེད། སེམས་པ་བཟང་པོ་བྱས་ན་ལུས་བདེ་བ། རོགས་པ་མང་བ། སེམས་པ་སྐྱིད་པ་ཡོང་གི་རེད། ཅེས་དང་། ནང་ཆོས་ལ་དབྱིན་སྐད་ནང་རཱི་ལི་ཇན་(Religion)ཟེར་གྱི་ཡོད་པ་དེ་ཏག་ཏག་ཅིག་བསྡད་ཡོད་མེད་ཞིབ་འཇུག་བྱེད་དགོས་པ་ཞིག་ཆགས་བསྡད་ཡོད་སྐོར་ཡང་གསུངས་སོང་།
 
བོད་ཀྱི་ཆོས་བརྒྱུད་ཁག་མཐུན་སྒྲིལ་ཡོང་དགོས་པའི་སྐོར་ལ་བཀའ་སློབ་ཕེབས་དོན། ནང་པ་སངས་རྒྱས་པའི་ཆོགས་ལུགས་ཁག་ཚང་མ་བཀའ་འགྱུར་བསྟན་འགྱུར་གྱི་གཞུང་ཆེན་ཁག་ནང་འགྲོ་དུས་བཀའ་བརྒྱུད་རྙིང་མ་དགེ་ལུགས་ཚང་མ་གཅིག་གྱུར་གྱི་སྒང་ལ་འགྲོ་སྡོད་ཀྱི་ཡོད་པ་རེད། ང་ཚོ་བོད་ལ་བསྟན་པ་སྤྱི་མཚན་དང་གང་ཟག་སྒེར་མཚན་གཉིས་ཟེར་ནས། གང་ཟག་སྒེར་མཚན་དེ་ཞེ་དྲགས་རྩ་ཆེན་པོར་བཟུང་ནས་བསྟན་པ་སྤྱི་མཚན་ལྷོད་ཡངས་བཏང་བར་བརྟེན་ནས་ཆོས་ལུགས་ཀྱི་འཐེན་འཁྱེར་ཡོང་སྡོད་ཀྱི་ཡོད་པ་རེད། འཛམ་གླིང་འདིའི་སྒང་ཆོས་ལུགས་མི་འདྲ་བའི་བར་འཁྲུག་པ་བརྒྱབ་པ་དང་གཅིག་གིས་གཅིག་ལ་གསོད་རེས་བྱེད་བཞིན་པའི་སྐོར་ཞེ་དྲགས་བཤད་ཡོང་གི་འདུག་ནའང་། སོ་སོའི་ལོ་རྒྱུས་ལ་བསམ་བློ་གཏོང་དུས། སྔོན་མ་ཡིན་ནའང་བོད་ནང་ཆོས་ལུགས་འཐེན་འཁྱེར་བྱས་ནས་འཁྲུག་པ་བརྒྱབས་པའི་ལོ་རྒྱུས་ཡོད་པ་རེད། དེ་ངོ་ཚ་རེད། ང་ཚོ་བོད་ལ་ཡིན་ན་ཆོས་བརྒྱུད་ཁག་ཕན་ཚུན་མི་འདྲ་བ་ཕྲན་བུ་ཡོང་གི་ཡོད་ཀྱང་། རྩ་བའི་ཆ་ནས་གཅིག་གྱུར་གྱི་ཐོག་ནས་འགྲོ་སྡོད་ཀྱི་ཡོད་དུས། རྒྱ་ཆེ་ས་ནས་བསམ་བློ་གཏང་རྒྱུ་དང་བསྟན་པ་སྤྱི་མཚན་གྱི་ཐོག་ནས་བསམ་བློ་བཏང་ནས་ཚང་མ་མཐུན་སྒྲིལ་ཡོང་རྒྱུ་ནི་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། ཅེས་གསུངས་སོང་། 
 
 མཇུག་ཏུ་བོད་ཀྱི་བླ་མ་དང་སྤྲུལ་སྐུའི་སྐོར་ལ་༧གོང་ས་མཆོག་ནས། བླ་མ་ཟེར་དུས་གོང་དུ་མ་སྐྱེས་པ་དང་གོང་ན་མེད་པ་ཡིན་དུས། ནང་གི་ཡོན་ཏན་གྱི་ཐོག་ནས་བླ་མ་ཡོང་དགོས་པ་མ་གཏོགས། མིང་ཙམ་གྱི་བླ་མ་ཆགས་ཀྱི་ཡོད་པ་མ་རེད། བོད་གངས་ཅན་ལྗོངས་སུ་སྤྲུལ་སྐུ་ཞེ་དྲགས་མང་པོ་ཡོད་པ་རེད་དེ་བླ་མ་ཡིན་མིན་ཐེ་ཚོམ་རེད། སྤྲུལ་སྐུ་ཞབས་འདྲེན་ཞུ་མཁན་གྱི་རིགས་དེ་བླ་མ་མ་རེད་ལ། ཡང་བླ་མ་ཡིན་ཡང་སྤྲུལ་སྐུ་མ་ཡིན་པ་དེ་ལ་བླ་མའི་ཡོན་ཏན་ཚང་ནས་སྤྲུལ་སྐུའི་མིང་ཁུར་སྡོད་མཁན་གྱི་རིགས་དེ་བླ་མ་ཡིན་ཡང་སྤྲུལ་སྐུ་མ་ཡིན་པ་དང་། བླ་མ་དང་སྤྲུལ་སྐུ་གཉིས་ག་ཡིན་པ་དང་དངོས་གནས་དྲང་གནས་སྐྱེས་བུ་དམ་པ་མཛད་རྗེས་ཆེན་པོ་བཞག་པ་དེ་འདྲ་ཡང་ཡོང་གི་ཡོད་པ་རེད། ཅེས་སོགས་གསུངས་སོང་།
གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༡/༠༣

Leave a Reply

3 thoughts on “བསྟན་པ་སྤྱི་མཚན་གྱི་ཐོག་ནས་བསམ་བློ་བཏང་སྟེ་ཚང་མ་མཐུན་སྒྲིལ་ཡོང་རྒྱུ་དཔེ་གལ་ཆེན་པོ་རེད།

  1. ༄༅། མུན་པ་རིག་པས་གསལ་མཁན་དེ་རྗེ་ཁྱེད་ཡིན།
    བདེན་དོན་སེམས་ལ་འབྲི་མཁན་དེ་རྗེ་ཁྱེད་ཡིན།།
    མི་ཚེའི་རིན་ཐང་བརྩལ་མཁན་དེ་རྗེ་ཁྱེད་ཡིན།།
    སྤོབས་པའི་ལ་རྒྱ་བརྩལ་མཁན་དེ་རྗེ་ཁྱེད་ཡིན།།
    བཀའ་དྲིན་ཆེ།

  2. བསྟན་པ་སྤྱི་བཙན་དང་གང་ཟག་དགོས་བཙན་ཞེས་འབྲི་དགོས། འདི་ནི་གང་ཞིག་དབང་བཙན་དུ་བྱ་བའི་དོན་དང་འབྲེལ་བའི་ཚིག་གོ །