བློན་ཆེན་ཟུར་པ་བརྒྱད་འཛིན་བཟུང་བྱས།

ཁ་ཊ་ལོ་ནེ་ཡའི་རང་བཙན་ལ་སྐུལ་འདེད་སྣེ་འཁྲིད་བྱས་པའི་ཉེས་མིང་འོག་སི་པེན་གཞུང་གིས་ཡུལ་དེའི་བློན་ཆེན་ཟུར་པ་བརྒྱད་འཛིན་བཟུང་བྱས་པར་བརྟེན་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་བྱས།བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་སི་པེན་གྱི་ཆེས་མཐོའི་ཁྲིམས་ཁང་གིས།  ཁ་ཊ་ལོ་ནེ་ཡ་རང་བཙན་བྱེད་པར་སྐུལ་འདེད་དང་གྱེན་ལོག་ལས་འགུལ་བསླངས་ཏེ། རྒྱལ་ཁབ་ཁ་བྲལ་གཏོང་ཐབས་དང་། སྤྱི་དམངས་ཀྱི་ཐེབས་རྩ་སོགས་ལོག་པར་བེད་སྤྱོད་བྱས་པའི་ཉེས་མིང་འོག ཁ་ཊ་ལོ་ནེ་ཡའི་བློན་ཆེན་ཟུར་པ་ ༨ འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། ཁ་ཊ་ལོ་ནེ་ཡ་རང་སྐྱོང་ཁུལ་གྱི་དབུ་འཁྲིད་ཁཱར་ལི་སི་པོ་ཆི་ཌི་མོན་ཊི(Carles Puigdemont)གཙོས་པའི་བློན་ཆེན་ཟུར་པ་བཞི་ས་གནས་གཞན་ལ་བྲོས་བྱོལ་དུ་ཕྱིན་པ་རྣམས་ཡུ་རོབ་མཉམ་འབྲེལ་ཉེན་རྟོག་པར་རྩིས་སྤྲོད་ཀྱིས་འཛིན་བཟུང་བཀའ་ཁྱབ་བཏང་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༡ ནས་བཟུང་སི་པེན་ནང་ཁ་ཊ་ལོ་ནེ་ཡའི་མངའ་ཁུལ་བདག་དབང་འཐབ་རྩོད་ཀྱི་དཀའ་རྙོག་བྱུང་སྟེ།  ཟླ་སྔོན་མའི་ཕྱི་ཚེས་ ༢༧ ཉིན་ཁ་ཊ་ལོ་ནེ་ཡའི་མི་མང་གིས་མང་མོས་ཐོག་རང་བཙན་གསལ་བསྒྲགས་བྱས་ཡོད་པ་དང་། ཕྱི་ཚེས་ ༢༨ ཉིན་སི་པེན་གཞུང་གིས་རངང་མོས་འོས་བསྡུ་བྱས་ཏེ་རང་བཙན་གསལ་བསྒྲགས་བྱས་པ་ནི། ཡུལ་ཁྲིམས་དང་འགལ་བ་ཞིག་ཡིན་སྐོར་ཡོངས་བསྒྲགས་བྱས་ཡོད་པ་མ་ཟད། ཁ་ཊ་ལོ་ནེ་ཡའི་བློན་ཆེན་ཟུར་པ་ ༨ འཛིན་བཟུང་བྱས་པ་དང་། མངའ་ཁུལ་ཡོངས་ལ་སི་པན་གཞུང་གིས་ཐད་ཐར་སྟངས་འཛིན་བྱེད་མགོ་བརྩམས་ཡོད་པར་བརྟེན། ཁ་ཊ་ལོ་ནེ་ཡའི་མི་མང་སྟོང་ཕྲག་མང་པོས་བྷར་སི་ལོ་ནེའི་གྲོས་ཚོགས་ཁང་གི་ཕྱི་རོལ་དུ་ཡར་ལངས་བྱས་ཏེ། ཁོ་ཚོར་ཆབ་སྲིད་ཀྱི་རང་དབང་དགོས་སྐོར་ལ་སྐད་འབོད་དང་། སི་པེན་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་ལ་ངོ་རྒོལ་བྱེད་བཞིན་ཡོད་འདུག

སི་པེན་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ལྕམ་ཁཱར་མན་ལཱ་མི་ལ་(Carla Menlamela)ལགས་ཀྱིས། ཁ་ཊ་ལོ་ནེ་ཡའི་བློན་ཆེན་ཟུར་པ་རྣམས་འཛིན་བཟུང་མ་བྱས་ཚེ། ཁོ་ཚོས་ནག་ཉེས་ཀྱི་དཔང་རྟགས་ཚང་མ་མེད་པ་བཟོས་ཏེ་བྲོས་བྱོལ་ལ་འགྲོ་ཡི་རེད། ཅེས་བརྗོད་ཡོད་པ་དང་། ཆེས་མཐོའི་ཁྲིམས་ཁང་ནས་ཁ་ཊ་ལོ་ནེ་ཡའི་བློན་ཆེན་ཟུར་པ་ ༡༤ ཁྲིམས་ཁང་དུ་འདྲི་ཞིབ་ཆེད་སྐད་བཏང་བའི་ཁྲོད་ནས་མི་ ༩ ཁྲིམས་ཁང་དུ་འབྱོར་ཡོད་པ་དང་། ད་ལན་གྱི་ཁ་ཊ་ལོ་ནེ་ཡའི་ཟིང་འཁྲུག་གི་སྣེ་འཁྲིད་པ་པོ་ཆི་ཌི་མོན་ཊི་སྤེལ་ཇམ་ནང་བྲོས་བྱོལ་དུ་ཕྱིན་ཡོད་འདུག

སྐུ་ཞབས་པོ་ཆི་ཌི་མོན་ཊི་ཡིས། སི་པེན་གཞུང་གིས་ཁ་ཊ་ལོ་ནེ་ཡའི་ཆབ་སྲིད་མི་སྣ་ཟུར་པ་རྣམས་འཛིན་བཟུང་བྱེད་བཞིན་ཡོད་པ་ནི་དམངས་གཙོའི་ལམ་ལུགས་ལ་རྡོག་རོལ་བཏང་བ་ཞིག་ཡིན་སྟབས།  སི་པེན་གཞུང་གིས་ཁོང་ཚོ་ཀློད་གྲོལ་གཏོང་དགོས་ཡོད། ཅེས་བརྗོད་ཡོད་པ་མ་ཟད།སི་པེན་གཞུང་གིས་ཁོ་རང་ལ་དྲང་བདེན་གྱི་ཐག་གཅོད་ཞིག་མ་གནང་ཚེ་ཕྱིར་སི་པེན་ནང་ལོག་རྒྱུ་མིན་སྐོར་བརྗོད་ཡོད་པ་རེད། ཡིན་ནའང་། སི་པེན་གྱི་(Efe) གསར་ཁང་གི་གནས་ཚུལ་ལྟར་ན། སྤེལ་ཇམ་གཞུང་གིས་གལ་སྲིད་སི་པེན་ཕྱོགས་ནས་འཛིན་བཟུང་བཀའ་ཁྱབ་ཅིག་འབྱོར་ཚེ་ཁྲིམས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཁ་ཊ་ལོ་ནེ་ཡའི་གཞུང་ལྟར་ན། ཐེངས་འདིའི་མང་མོས་འོས་བསྡུའི་ཁྲོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་ ༩༠ དང་། མོས་མཐུན་མེད་པ་བརྒྱ་ཆ་ ༤༣ བྱུང་ཡོད་འདུག་ལ། ཁ་ཊ་ལོ་ནེ་ཡ་ནི་སི་པེན་རྒྱལ་ཁབ་ཀྱི་མངའ་འོག་ཏུ་ཡོད་པའི་རང་སྲིད་རང་སྐྱོང་གི་ཁུལ་ཞིག་ཡིན་ཞིང་།  མངའ་ཁུལ་དེ་ལ་མངའ་སྡེ་བཞི་དང་ཁྱོན་མི་འབོར་ས་ཡ་ ༧ ལྷག་ཡོད་འདུག

གསར་འགོད་པ།  སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༡/༠༣

Leave a Reply

3 thoughts on “བློན་ཆེན་ཟུར་པ་བརྒྱད་འཛིན་བཟུང་བྱས།

  1. རྡོ་སེངྒེ།

    རྒྱ་རྒན་ཚང་གིས་རང་གཅིག་པོར་མ་གཏོགས་གཞན་ལ་བསམ་བློ་ག་བ་གཏང་དགོས་རེད་་་་་་་

    དྲང་བདེན་ཞེས་པའི་སྐད་ཆ་འདི་ཉམ་ཆུང་ཚོས་ལབ་ཡ་ཞིག་ཡིན་པ་མ་གཏོགས་སྟོབས་ཆེན་ཚོར་དགོས་པ་ཞིག་མིན་པ་གསལ་ཐིང་ཐིང་རེད་ཤག་་་་་་་

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    རང་བཙན་ལ་རྒྱབ་སྐྱོར་བརྒྱ་ཆ་90 དང་མོས་མཐུན་མེད་མཁན་བརྒྱ་ཆ་43དེ་གཉིས་བསྡོམས་ན་133རེད་འདུག་ན་བརྒྱ་ག་འདྲ་རྩིས་པ་ཡིན་ནམ་འབྲེལ་བཤད་གནང་དང་ཧཧཧཧཧ

  3. རྒྱུད་གྲྭ་བློ་བཟང་དབང་འདུས།

    གུང་ཁྲན་ཏང་ལ་ བསམ་ཤེས་ཡོད་ན་ བོད་ཀྱི་དབུ་མའི་ལམ་དེ་ ཡག་པོ་ཡིན་པ་ བསམ་དགོས། ཀ་ཊ་ལོ་ནི་ཡ་ དཀའ་རྙོག་དེ་ རྒྱ་ནག་ལ་དཔེ་མཚོན་ཞིག་ཡིན་པར་མཚོན།