བོད་ཀྱི་མཛངས་མ་གོ་ལའི་མཛངས་མ་འགྲན་སྡུར་ནང་ཞུཊ།

ཐེངས་ལྔ་པའི་གོ་ལའི་མཛངས་མ་འགྲན་སྡུར་ཁྲོད་ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས་མཉམ་ཞུགས་གནང་འདུག

ཀམ་བྷོ་ཌི་ཡ་(Cambodia)རྒྱལ་ཁབ་ཀྱི་རྒྱལ་ས་ཕོ་ནཱམ་པེ་ནཱ་(Phnom Penh)ཡི་ཀཱོ་པིཅ་འཁྲབ་སྟོན་ཁང་(Koh Pich Performance Art Theater)དུ། ཕྱི་ལོ་ ༢༠༡༧ ལོའི་གོ་ལའི་མཛངས་མ་(Miss Global)འགྲན་སྡུར་དེ་རིང་ནས་མགོ་བཙུགས་ཡོད་པ་དང་། ཐེངས་འདིའི་གོ་ལའི་མཛངས་མ་འགྲན་སྡུར་ཁྲོད་བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས་ཀྱང་བོད་ཀྱི་མཚན་ཐོག་ནས་མཉམ་ཞུགས་གནང་ཡོད་འདུག

ཐེངས་ལྔ་པའི་གོ་ལའི་མཛངས་མ་འགྲན་སྡུར་འདིའི་ཁྲོད་འཛམ་གླིང་གི་རྒྱལ་ཁབ་ཁག་ ༦༦ གི་མཛངས་མ་མཉམ་ཞུགས་གནང་ཡོད་པ་དང་། ད་ལན་ནི་ཕྱི་ལོ་ ༢༠༡༣ ལོར་གོ་ལའི་མཛངས་མ་འགྲན་སྡུར་མགོ་བཙུགས་པ་ནས་ད་ལྟའི་བར་གྱི་འགྲན་ཞུགས་པ་མང་ཤོས་དེ་ཆགས་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༡༧ བར་གྱི་འགྲན་སྡུར་དུས་ཡུན་ཉིན་གྲངས་ ༡༤ རིང་འགྲན་ཞུགས་པ་རྣམས་ཀྱིས་མཛེས་པའི་ཉམས་འགྱུར་འགྲན་སྡུར་དང་། གཏམ་བཤད། སྒྱུ་རྩལ་འཁྲབ་སྟོན། མི་རིགས་སོ་སོའི་ཆས་གོས་འཁྲབ་སྟོན་སོགས་འགྲན་སྡུར་གྱི་རྣམ་གྲངས་མང་པོ་བརྒྱུད། མཐའ་མའི་རྒྱལ་ཁ་ཐོབ་མཁན་མཛངས་མ་ ༡༣ ལ་བྱ་དགའ་སྤྲོད་ཀྱི་ཡོད་འདུག

གོ་ལའི་མཛངས་མ་འགྲན་སྡུར་ཁྲོད་ཞུགས་པར་ཆ་རྐྱེན་ ༨ ཡོད་པ་ནི། ༡) བུད་མེད་ཡིན་པ། ༢) ལོ་ཚད་ ༡༨ ནས་ ༣༥ བར། ༣) གཉེན་སྒྲིག་བྱས་མེད་པ། ༤) དབྱིན་ཡིག་ལ་བྱང་ཆ་ལྡན་པ། ༥) ཁྲིམས་འགལ་ནག་ཉེས་མེད་པ། ༦) ཆགས་སྤྱོད་རིགས་ཀྱི་གློག་བརྙན་འཁྲབ་སྟོན་པ་དང་པར་རིས་འགྲེམས་སྟོན་པ་མིན་པ། ༧) ལུས་སེམས་གཉིས་ཀ་བདེ་ཐང་། ༨) མཛངས་མའི་འགྲན་སྡུར་གྱི་ཁྲིམས་སྒྲིག་དང་ལེན་དང་དེ་དག་སྲུང་ཐུབ་མཁན་བཅས་ཡིན་དགོས་ཀྱི་ཡོད་འདུག

ད་ལྟ་བར་གོ་ལའི་མཛངས་མ་འགྲན་སྡུར་ནང་བོད་ཀྱི་མཚན་ཐོག་ནས་ཕྱི་ལོ་ ༢༠༡༥ ལོའི་བོད་ཀྱི་མཛངས་མ་པདྨ་ཆོས་སྒྲོན་ལགས་དང་། ཕྱི་ལོ་  ༢༠༡༦ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་སང་ཉི་ལགས་མཉམ་ཞུགས་གནང་ཡོད་པ་དང་། ད་ལན་ནི་བོད་ཀྱི་མཛངས་མ་མཉམ་ཞུགས་གནང་བ་ཐེངས་གསུམ་པ་དེ་ཆགས་ཡོད་པ་རེད།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༡/༠༤

Leave a Reply

2 thoughts on “བོད་ཀྱི་མཛངས་མ་གོ་ལའི་མཛངས་མ་འགྲན་སྡུར་ནང་ཞུཊ།

  1. ཕྲེང་ཟུར་དོན་གྲུབ་ཆོས་འཕེལ།

    ༄༅། བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས་སུ་བཀྲིས་བདེ་ལེགས་ཡོད།
    ཐོབ་ན་རེད་མ་ཐོབ་ན་རེད་་་མཛངས་མ་འགྲན་སྡུར་ནང་མཉམ་ཞུགས་གནང་བ་དེ་
    གཟི་བརྗིད་རེད།

  2. ༄༅། བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས་སུ་བཀྲིས་བདེ་ལེགས་ཡོད།
    ཐོབ་ན་རེད་མ་ཐོབ་ན་རེད་་་མཛངས་མ་འགྲན་སྡུར་ནང་མཉམ་ཞུགས་གནང་བ་དེ་
    གཟི་བརྗིད་རེད།