རྒྱ་ནག་ལ་བུད་མེད་མགོ་ཁྲིད་ཉུང་ཉུང་ལས་མེད་དོན་གང་ཡིན།

ཡ་ཀྲའུ་སུན་(Yazhou)གྱིས་བྲིས།

ཉི་མ་ཚེ་རིང་གིས་བསྒྱུར།

རྒྱ་ནག་ཆབ་སྲིད་ཀྱི་ལོ་ཐོའི་ནང་གི་ལས་དོན་གལ་ཆེ་ཤོས་དེ་པེ་ཅིན་དུ་མཇུག་བསྒྲིལ་ཡོད་པ་དང་། ང་ཚོས་རྒྱ་ནག་གི་ཆབ་སྲིད་དབང་འཛིན་པའི་ཁྲོད་བུད་མེད་མགོ་འཁྲིད་ཉུང་ཉུང་ལས་མེད་པ་དངོས་སུ་མིག་གིས་མཐོང་ཡོད་པ་རེད།བདུན་ཕྲག་འདིའི་ནང་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་གྱིས་པེ་ཅིན་མི་མང་ཚོགས་ཁང་ཆེན་པོའི་(Beijing’s Great Hall of the People)སྡིངས་ཆའི་སྟེང་ནས་གསར་དུ་བདམས་ཐོབ་བྱུང་བའི་ཁོང་གི་མགོ་འཁྲིད་གསར་པ་རྣམས་འཛམ་གླིང་མང་ཚོགས་ལ་བསྟན་ཡོད་པ་རེད། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ལྷན་ཚོགས་ལ་མགོ་ཁྲིད་མི་སུ་སླེབས་དང་མ་སླེབས་ནི་བགྲོ་གླེང་ལྷུག་པོ་བྱེད་དགོས་པའི་གནད་དོན་ཞིག་ཆགས་པ་རེད། འོན་ཀྱང་མི་ཚང་མས་དེའི་ནང་བུད་མེད་མགོ་འཁྲིད་ཅིག་སླེབ་རྒྱུ་མིན་པ་དང་པོ་ཉིད་ནས་གསལ་པོར་ཤེས་ཡོད་པ་རེད།

ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཡོད་པ་དང་། ད་ལྟའི་བར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་བུད་མེད་མགོ་འཁྲིད་ཅིག་སྲིད་འཛིན་དུ་བསྐོ་བཞག་བྱེད་མྱོང་མེད་ལ། རྒྱ་ནག་རྒྱལ་ཁབ་ཀྱི་ཁ་ཕྱོགས་དང་དེའི་ལས་སྣེ་གལ་ཆེན་ཁག་ཐག་གཅོད་བྱེད་ས་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ལྷན་ཚོགས་ནང་ཡིན་ཡང་། ད་ལྟའི་བར་བུད་མེད་མགོ་འཁྲིད་ཅིག་ལའང་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་བྱུང་ཡོད་པ་མ་རེད།

སྐབས་གོང་མའི་རྒྱ་ནག་གི་དབུས་ཆབ་སྲིད་ལྷན་ཁང་དུ་བུད་མེད་མགོ་འཁྲིད་གཉིས་ཡོད་ཀྱང་། ད་ལོའི་དབུས་ཆབ་སྲིད་ལྷན་ཁང་དུ་བུད་མེད་མགོ་འཁྲིད་གཅིག་མ་གཏོགས་བདམས་ཐོན་བྱུང་ཡོད་པ་མ་རེད། འོན་ཀྱང་ཧོང་ཀོང་དང་ཐའེ་ཝན་གཉིས་ཀྱི་ཆབ་སྲིད་ནི་རྒྱ་ནག་དང་མ་འདྲ་བར་བུད་མེད་མགོ་འཁྲིད་མང་པོ་ཡོད་པ་རེད།

སྐབས་ཤིག་ལ་དབྱིན་ཡུལ་གྱི་མངའ་ཁོངས་དང་ད་ལྟ་རྒྱ་ནག་གི་མངའ་ཁོངས་ཡིན་པའི་ཧོང་ཀོང་གི་ཆེས་མཐོའི་མགོ་ཁྲིད་ནི་ཀེ་རཱི་ལཱམ་(Carrie Lam)ལགས་ཡིན་པ་དང་། མོ་ནི་ཧོང་ཀོང་གི་ཆེས་མཐོའི་མགོ་འཁྲིད་བུད་མེད་ཅིག་གིས་བྱས་པ་ཐོག་མ་དེ་ཆགས་ཡོད། དེ་བཞིན་སྔར་རྒྱ་ནག་གི་ཞིང་ཆེན་ཞིག་ཡིན་ཡང་ད་ལྟ་ཁ་བྲལ་ཏེ་རང་གཞུང་རང་གིས་འཛིན་པའི་ཐའེ་ཝན་ལ་ཆ་བཞག་ནའང་། ཕྱི་ལོ་ ༢༠༡༦ ལོར་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་ཚཱའེ་ཨིང་ཝེན་(Tsai Ing-wen)ལགས་བདམས་ཡོད་པ་དང་། མོ་ནི་ཐའེ་ཝན་གྱི་བུད་མེད་སྲིད་འཛིན་ཆེས་ཐོག་མ་དེ་ཆགས་པ་རེད། གཞན་ཡང་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ལྷོ་ཀོ་རི་ཡ་དང་ཐའེ་ལན་ཌི། འབར་མ་དང་སིང་ག་པུར་སོགས་ལའང་བུད་མེད་མགོ་འཁྲིད་མང་པོ་ཡོད་པ་རེད།

རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱེད་མཁན་མའོ་ཙེ་ཏུང་གིས་བུད་མེད་ཚོས་གནམ་གྱི་ཕྱེད་ཀ་བཟུང་ཡོད་ཅེས་སྐད་གྲགས་ཆེ་བའི་སྐད་ཆ་ཞིག་བཤད་ཡོད་པ་དང་། ད་ཆ་ཁོང་འདས་གྲོངས་སུ་ཕྱིན་ཏེ་ལོ་ངོ་ ༤༠ ལྷག་སོང་ཟིན་ཡང་། ད་དུང་རྒྱ་ནག་གི་ཆེས་མཐོའི་ཆབ་སྲིད་པའི་ཁྲོད་བུད་མེད་སླེབས་མ་ཐུབ་པ་གང་ཡིན་ནམ།

མཐོང་ཆུང་གི་སྲིད་ཇུས།

ཞིབ་དཔྱོད་པ་ཚོས་བརྗོད་པ་ལྟར་ན། རྒྱ་ནག་གི་རྩ་ཁྲིམས་ནང་ཕོ་མོ་འདྲ་མཉམ་ཡིན་པ་འཁོད་ཡོད་ཀྱང་། རྒྱ་ནག་ནང་མཐོང་ཆུང་ཁྱད་གསོད་ཀྱི་དབྱེ་འབྱེད་ཧ་ཅང་ཆེན་པོ་ཡོད་པ་རེད།

ད་ལྟའི་རྒྱ་ནག་གི་ཆབ་སྲིད་སྲིད་བྱུས་ལྟར་ན། ཕོ་ཞིག་ཡིན་ན་གཞུང་འབྲེལ་གྱི་ལས་ཀ་དང་ཆབ་སྲིད་ཀྱི་ལས་སྣེ་གང་དུ་ཡོད་ཀྱང་། རང་ལོ་ ༦༠ ཐོག་རྒན་ཡོལ་དུ་འགྲོ་དགོས་པ་དང་། བུད་མེད་ཚོ་རང་ལོ་ ༥༠ ཡང་ན་ ༥༥ ཡི་ཐོག་རྒན་ཡོལ་དུ་འགྲོ་དགོས་ཀྱི་ཡོད་འདུག

བུད་མེད་ཚོ་རང་ལོ་ ༥༠ བརྒལ་རྗེས་གཟུགས་སྟོབས་ཀྱིས་ཕོ་དང་འདྲ་འདྲ་བྱས་ནས་ལས་ཀའམ་གཞུང་གི་ཞབས་ཞུ་བསྒྲུབ་ཐུབ་ཀྱི་མེད་སྟབས། ལས་སྣེ་ནས་རྩ་དགོངས་ཞུ་དགོས་པའི་རྒྱ་ནག་གི་སྲིད་བྱུས་དེར་ཆེད་ལས་པ་མང་པོ་ཞིག་གིས་དགག་པ་ཤུགས་ཆེན་པོ་རྒྱག་གི་ཡོད་འདུག

དེ་འདྲའི་དབྱེ་འབྱེད་ཀྱི་སྲིད་བྱུས་ཡོད་པར་བརྟེན། རྒྱ་ནག་གི་བུད་མེད་ཚོ་རྒྱལ་ཁབ་ཀྱི་ཆེས་མཐོའི་མགོ་འཁྲིད་ནང་སླེབ་ཐུབ་ཀྱི་མེད་པ་མ་ཟད། བུད་མེད་ཚོས་དཀའ་ལས་བརྒྱབས་ཏེ་ཆེས་མཐོའི་མགོ་འཁྲིད་ཀྱི་གོ་གནས་སུ་སླེབ་གྲབས་ཡོད་དུས་རང་ལོ་ ༦༠ ཟིན་ནས་རྒན་ཡོལ་དུ་འགྲོ་དགོས་འཁེལ་གྱི་ཡོད་པ་རེད།

རྒྱལ་སྤྱིའི་ཁྲོམ་རྭའི་སྟེང་གཅེན་པོར་བསླུ་བྲིད་དང་རྒྱ་ནག་གི་བུད་མེད་རིང་ལུགས་ལ་འགོག་རྐྱེན་ཞེས་པའི་དེབ་ཅིག་འཐོན་ལ་ཉེ་བ་དང་། དེབ་དེའི་རྩོམ་པ་པོ་ལི་ཏ་ཧོང་ཕིན་ཅཱར་(Leta Hong Fincher)ལགས་ཀྱིས། རྒྱ་གཞུང་གིས་བུད་མེད་ཆབ་སྲིད་པ་བསླེབ་ཐབས་སུ་དོན་ལྡན་གྱི་ལེགས་བཅོས་གཏོང་བར་དོ་སྣང་གང་ཡང་སྤྲོད་ཀྱི་ཡོད་པ་མ་རེད། ཅེས་བརྗོད་འདུག

རྒྱ་ནག་ནང་བུད་མེད་འཇོན་ཐང་ཅན་མང་པོ་ཡོད། དཔེར་ན། ས་ཁང་ཚོང་རྒྱག་མཁན་ཀྲང་ཤཱིན་(Zhang Xin)དང་འཕྲུལ་རིགས་ཚོང་དཔོན་ཧུ་ཝེ་ཝེ་(Hu Weiwei)སོགས་ནི་ཚོང་གི་ཐོག་སྐད་གྲགས་ཡོད་པ་ཞིག་ཡིན་ཡང་། ཆབ་སྲིད་ཀྱི་སྡིངས་ཆའི་སྟེང་བུད་མེད་སྐད་གྲགས་ཅན་དེ་འདྲ་ཡོད་པ་མ་རེད། མགོ་འཁྲིད་མའོ་ཙེ་ཏུང་གི་ཆུང་མ་ཇང་ཆིན་(Jiang Qing)་རིག་གནས་གསར་བརྗེ་སྐབས་མི་བཞི་ཤོག་ཁག་ནང་མཉམ་ཞུགས་བྱས་ཡོད་པ་དང་། མོ་ནི་རྒྱ་ནག་ལོ་རྒྱུས་ནང་གྲགས་ཅན་བུད་མེད་ ༢༥ ཡོད་པ་ལས་གཅིག་ཡིན་ཡང་། མོའི་ཆབ་སྲིད་ཀྱི་གོ་གནས་དབུས་ཆབ་སྲིད་ལྷན་ཁང་གི་བར་དུ་མ་གཏོགས་སླེབས་ཐུབ་ཡོད་པ་མ་རེད།

དེང་སྐབས་རྒྱ་ནག་གི་ཆབ་སྲིད་ནང་སྐད་གྲགས་ཅན་གྱི་བུད་མེད་ནི་ལུའོ་ཡན་དོང་(Liu Yandong)དང་སུན་ཁྲིན་ལན་(Sun Chunlan)གཉིས་ཡིན། ལུའོ་ཡན་དོང་གི་ཨ་ཕ་ནི་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་གྱི་ལས་རོགས་གལ་ཆེན་ཞིག་ཡིན་པ་དང་། སུན་ཁྲིན་ལན་ནི་ད་ལྟ་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཤིག་རེད།

བདུན་ཕྲག་འདིའི་ནང་རྒྱ་ནག་གི་མགོ་འཁྲིད་བསྐྱར་སྒྲིག་བྱས་ཏེ། ལུའོ་ཡིས་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་ནས་རྒན་ཡོལ་ཞུས་ཡོད་པ་དང་། ད་ཆ་སུན་ཁྲིན་ལན་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་བུད་མེད་རྒྱུན་ལས་གཅིག་པུ་དེ་ཆགས་ཡོད་པ་རེད།རྒྱ་ནག་ཆབ་སྲིད་ཀྱི་མགོ་འཁྲིད་ལ་བུད་མེད་གཞན་རེ་བ་ཡོད་པ་ཞིག་ནི་ཕུ་ཡིངས་(Fu Ying)ཞེས་པ་དེ་ཡིན། འོན་ཀྱང་མོ་ད་ལྟ་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ལ་སླེབས་མེད། མོ་ནི་རྒྱ་ནག་གི་ཕྱི་དྲིལ་བློན་ཆེན་གཞོན་པ་ཡིན་ཞིང་། རྒྱ་ནག་གི་བུད་མེད་ཕྱི་དྲིལ་བློན་ཆེན་གཞོན་པ་གཉིས་པ་དེ་ཆགས་ཡོད་པ་རེད།

ཨ་རིའི་གཙུག་ལག་སློབ་ཁང་ཞིག་ཏུ་ཡོད་པའི་ཁྲིན་ལི་(Cheng Li)ཡིས། མགོ་འཁྲིད་མའོ་ཙེ་ཏུང་གི་ཚིག་དེ་ཚོ་ནི་སྙན་ངག་རང་རེད། དེ་དག་ནི་དོན་དངོས་ཀྱི་སྲིད་བྱུས་ཤིག་མ་རེད། ཁོང་གིས་བུད་མེད་ཚོར་སེམས་ཤུགས་སྤར་འདོད་པ་ཙམ་ལས། བུད་མེད་ཚོ་ཆབ་སྲིད་ཀྱི་གོ་ས་མཐོ་བོར་སླེབ་བཅུག་འདོད་ཡོད་པ་མ་རེད། ཕྱི་ལོ་ ༡༩༨༢ ལོར་རྒྱ་ནག་འཐུས་མིའི་ཚོགས་ཆེན་ནང་བུད་མེད་ཀྱི་སྲིད་བྱུས་ཐོག་འགྱུར་བཅོས་དགོས་སྐོར་བཤད་པ་ལྟར་དོ་སྣང་ཆེན་པོ་ཡོད་ཚུལ་བྱས་ཡོད་ཀྱང་། ད་ལྟའི་བར་གནས་སྟངས་དེར་འགྱུར་བ་གང་ཡང་ཕྱིན་ཡོད་པ་རེད། ཅེས་བརྗོད་འདུག

ཆང་དཀར་རིག་གཞུང་།རྒྱ་ནག་གི་བུད་མེད་ཀྱི་སྲིད་བྱུས་ལ་འགོག་རྐྱེན་གཞན་ནི་རིག་གཞུང་དེ་རེད། རྒྱ་ནག་ཆབ་སྲིད་ཀྱི་སྒྲོམ་གཞི་དེ་སྐྱེས་པ་ཕོ་ཚོས་འཛིན་གྱི་ཡོད་པ་དང་། ཡུལ་སྲོལ་གོམས་གཤིས་ཀྱང་སྐྱེས་པ་ཕོ་ཚོས་མངོན་འདོད་ལྟར་ཤར་སྐྱོད་བྱེད་ཀྱི་ཡོད།

གལ་ཏེ་བུད་མེད་རྣམས་ཀྱིས་ཆང་དཀར་མཉམ་རོལ་བྱས་ན། སྐྱེས་པ་ཕོ་ཚོས་བུད་མེད་དེ་ཀུན་སྤྱོད་ཡག་པོ་མེད་པ་ཞིག་ཏུ་བརྩི་བ་དང་། གལ་ཏེ་ཆང་དཀར་མཉམ་རོལ་མ་བྱས་ན། བུད་མེད་ཚོར་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དེར་འབྲེལ་ལམ་འཛུགས་པའི་གོ་སྐབས་བརླགས་པ་རེད།

ཁྲིན་ལི་(Li)ཡིས། རྒྱ་ནག་ནང་བུད་མེད་ལ་མཐོང་ཆུང་ཤུགས་ཆེན་པོ་བྱེད་ཀྱི་ཡོད། ལྷག་པར་དུ་སྐྱེས་པ་ཚོས་ཚོགས་འདུའི་སྐབས་དགོང་ཟས་བཤམ་པའི་ཙོག་ཙེའི་སྟེང་ནས་བུད་མེད་ཚོར་མཐོང་ཆུང་ཆེན་པོ་བྱེད་ཀྱི་རེད། ཅེས་བརྗོད་ཡོད་པ་དང་། ཆང་དཀར་འཐུང་ས་དང་བག་མེད་ལོངས་སྤྱོད་བྱེད་ས་ནི་ཆབ་སྲིད་ཀྱི་ལྟེ་གནས་ལྟ་བུ་ཆགས་ཡོད་པ་རེད། དེང་སྐབས་ཆང་དཀར་དང་དགོང་ཟས་ཀྱི་འདུ་འཛོམས་སྐབས་ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་ལས་འགུལ་སྐོར་ལ་བགྲོ་གླེང་ཆེན་པོ་བྱེད་ཀྱི་ཡོད་འདུག

བུད་མེད་རིང་ལུགས་ལ་ངོ་རྒོལ།

ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ནང་བུད་མེད་ཚོར་གོ་སྐབས་མང་པོ་ཡོད་པ་མ་ཟད། བུད་མེད་ཀྱིས་གསར་གཏོད་བྱས་པ་དང་། བུད་མེད་ལ་མགོ་འཁྲིད་བྱ་རྒྱུའི་གོ་སྐབས་རག་དུས་བུད་མེད་ཀྱི་ཐོབ་ཐང་ལས་འགུལ་བ་དང་ཆབ་སྲིད་པ་ཚོས་སྤོབས་པ་ཆེན་པོའི་ཐོག་ནས་དགའ་བསུ་བྱེད་ཀྱི་ཡོད། འོན་ཀྱང་རྒྱ་ནག་ནང་དེ་ལས་ལྡོག་སྟེ་བུད་མེད་རིང་ལུགས་ལ་རྒྱབ་སྐྱོར་ཡོད་བརྗོད་པ་ཙམ་གྱིས་རྙོག་གླེང་གི་གཞི་རྟེན་དུ་གྱུར་གྱི་ཡོད་པ་རེད།

ལོ་སྔོན་མའི་ནང་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཤིང་ཧྭ་(Xinhua)ཡི་ཐོག ལྕམ་ཚའེ་(Tsai)ལགས་ལ་ཐའེ་ཝན་སྲིད་འཛིན་གྱི་གོ་ས་ཐོབ་སྐབས། མོས་ད་ལྟ་བར་གཉེན་སྒྲིག་མ་བྱས་པ་དེར་ཟུར་ཟ་དང་སྐྱོན་བརྗོད་ཀྱི་རྩོམ་ཡིག་མང་པོ་སྤེལ་ཡོད་པ་རེད། འོན་ཀྱང་རྩོམ་ཡིག་དེ་ཚོར་དྲྭ་ཐོག་ནས་སྐྱོན་བརྗོད་བྱེད་མཁན་མང་པོ་ཐོན་རྗེས་ཤིང་ཧྭ་གསར་ཁང་གིས་རྩོམ་ཡིག་རྣམས་ཕྱིར་འཐེན་བྱས་ཡོད་པ་རེད། དེ་ཡིས་རྒྱ་ནག་གི་ཆབ་སྲིད་ཀྱི་ཐོག་ནས་གཞུང་འབྲེལ་མིན་པའི་ཚོགས་པ་དང་སྤྱི་ཚོགས་ནང་འབུར་དུ་འཐོན་མཁན་ཚོར་བུད་མེད་ཀྱི་ཐོབ་ཐང་རྩོལ་ལེན་བྱེད་མ་བཅུག་པར་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་དཔང་རྟགས་ཤིག་སྟོན་གྱི་ཡོད་པ་རེད།ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གི་བུད་མེད་ལས་འགུལ་བ་ལྔ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ཉེན་རྟོག་པས་རྗེས་སུ་ཁོང་ཚོས་རྒྱ་ནག་ནང་རྩོད་གླེང་དང་རྙོག་དྲ་སློང་བའི་རྐྱེན་བྱས་པའི་ནག་ཉེས་གཡོགས་ཡོད་པ་རེད། འོན་ཀྱང་ཁོང་ཚོའི་ཉེས་པ་དངོས་ནི་བུད་མེད་ཚོར་འགྲིམ་འགྲུལ་ས་ཚིགས་དང་མི་མང་འདུ་འཛོམས་བྱེད་སར་སྐྱེས་པ་ཚོས་ཆགས་སྤྱོད་ཀྱི་བརྙས་བཅོས་བྱེད་པར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་གོ་སྒྲིག་བྱས་པ་དེ་ཙམ་ཡིན་པ་རེད།

ཉིན་ཤས་རྗེས་ཁོང་ཚོ་དངུལ་གཏའ་མར་བཞག་སྟེ་བཙོན་གྲོལ་ཐོབ་ཡོད་ཀྱང་། ཉེན་རྟོག་པས་དེ་འདྲ་བའི་ལས་འགུལ་སླར་ཡང་གོ་སྒྲིག་བྱས་ན་ཁྲིམས་ཆད་ནན་པོ་བཅད་དེ་བཙོན་འཇུག་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། བུད་མེད་དེ་ཚོའི་ནང་ནས་བུད་མེད་གཅིག་གནས་སྐབས་རིང་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲོ་སྐྱོད་མི་ཆོག་པའི་ཉེས་ཆད་བཅད་ཡོད་པ་རེད།

རྩོམ་པ་པོ་ཧོང་ཕིན་ཅར་གྱིས། བུད་མེད་ལྔ་བཙོན་གྲོལ་བཏང་ཡང་། ཁོང་ཚོ་ནི་གཞུང་གི་ངོས་ནས་ད་དུང་ཉེས་ཅན་པ་ཞིག་ཏུ་དོགས་ཟོན་བྱེད་ཀྱི་ཡོད་པ་དང་། ད་དུང་ཡང་གཞུང་གིས་མུ་མཐུད་བུད་མེད་ཀྱི་ཐོབ་ཐང་ཆེད་ལས་འགུལ་སྤེལ་མཁན་ལ་དྲག་གནོན་བྱས་ཏེ། བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་རྩ་མེད་བཟོ་ཐབས་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།

ཁྲིན་ལི་ཡིས། ཤེས་ཡོན་གྱི་གོ་རྟོགས་ཡར་རྒྱས་ཕྱིན་པའི་ཐོག་ནས་གནས་སྟངས་དེ་ཚོ་ཉིན་ཞིག་འགྱུར་བ་འགྲོ་རྒྱུའི་རེ་བ་བཟང་ས་ནས་བརྒྱབ་ཀྱི་ཡོད་ཀྱང་། ང་ཚོས་གལ་ཆེན་གྱི་འགྱུར་བ་དེ་ཚོ་འབྱུང་འགྱུར་གྱི་ལོ་ངོ་ ༡༠ ཡི་ནང་མཐོང་ཐུབ་པ་ཞིག་མ་རེད་དྲན་གྱི་འདུག ཅེས་བརྗོད་བྱུང་།

བསྐྱར་བཅོས།: ༢༠༡༧/༡༡/༠༤

Leave a Reply

2 thoughts on “རྒྱ་ནག་ལ་བུད་མེད་མགོ་ཁྲིད་ཉུང་ཉུང་ལས་མེད་དོན་གང་ཡིན།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    རྒྱ་ནག་ལ་བུད་མེད་འགོ་འཁྲིད་ཉུང་ཉུང་ལས་མེད་ན་ཕོ་མོ་འདྲ་མཉམ་མེད་པའི་རྟགས་རེད་།