གཞན་སྐད་མ་ཤེས་གོང་རང་སྐད་སྦྱོང་རྒྱུ་གལ་ཆེན་པོ་ཞེ་དྲཊ་རེད།

དྷ་ས་ཁུལ་གྱི་བོད་པ་དང་རྒྱ་གར་གྱི་སློབ་གྲྭ་ཁག་གི་སློབ་མ་ཚོར་གློག་བརྙན་ལ་བལྟས་རྗེས་མྱོང་ཚོར་ཅི་བྱུང་སྐོར་གྱི་རྩོམ་ཡིག་འགྲན་སྡུར་ཁྲོད་དཔེ་སྟོན་སློབ་གྲྭའི་བུ་མོ་བསམ་འགྲུབ་ལྷ་མོ་ལགས་ལ་ཨང་དང་པོ་ཐོབ་འདུག

ཟླ་འདིའི་ཚེས་ ༢ ཉིན་ནས་མགོ་འཛུགས་བྱས་པའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་མཛད་སྒོའི་ཐོག དྷ་ས་ཁུལ་གྱི་བོད་པ་དང་རྒྱ་གར་གྱི་སློབ་གྲྭ་ཆུང་ཁག་གི་སློབ་མའི་བར་གློག་བརྙན་ལ་བལྟས་རྗེས། སོ་སོར་མྱོང་ཚོར་ག་རེ་བྱུང་མིན་སྐོར་ལ་དབྱིན་ཡིག་གི་རྩོམ་ཡིག་འགྲན་སྡུར་ཞིག་སྤེལ་ཡོད་པ་དང་། འགྲན་སྡུར་ཁྲོད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་རང་ལོ་ ༡༢ ཡིན་པའི་སློབ་ཕྲུག་བུ་མོ་བསམ་འགྲུབ་ལྷ་མོ་ལགས་སུ་ཨང་དང་པོ་ཐོབ་འདུག

བསམ་འགྲུབ་ལྷ་མོ་ལགས་ཀྱི་པ་ལགས་བོད་པ་དང་ཨ་མ་ཕྱི་རྒྱལ་བ་ཞིག་ཡིན་ལ། མོ་རང་འཇར་མན་དུ་སྐྱེས་ཤིང་ད་ལྟ་རང་ལོ་ ༡༢ རེད་འདུག རང་ལོ་ ༦ ཙམ་གྱི་སྟེང་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ནང་འཛུལ་ཞུགས་ཀྱིས་བོད་སྐད་ཡིག་ཆེད་སྦྱོང་བྱས་ཡོད་པ་དང་། ད་ལྟ་འཛིན་རིམ་དྲུག་པའི་ནང་སློབ་གཉེར་བྱེད་བཞིན་འདུག

འདི་གའི་གསར་འགོད་པས་སློབ་མ་བསམ་འགྲུབ་ལྷ་མོ་མ་ལགས་སུ་གློག་བརྙན་ལ་བལྟས་ཏེ་མྱོང་ཚོར་ག་རེ་བྱུང་སྐོར་དྲིས་པར་མོས། ཐེངས་འདིའི་གློག་བརྙན་མྱོང་ཚོར་རྩོམ་ཡིག་འགྲན་བསྡུར་ཁྲོད་སློབ་མ་མང་པོ་འཛུལ་ཞུགས་བྱས་ཡོད་པ་མ་ཟད། ང་ལས་ལྷག་གི་སློབ་སྦྱོང་ཡག་པོ་ཡོད་མཁན་མང་པོ་འདུག འོན་ཀྱང་། ང་ཚོར་བསྟན་པའི་གློག་བརྙན་དེའི་མིང་ལ་རེས་གཟའ་ཉི་མ་ཟེར་ཞིང་། གློག་བརྙན་དེ་ནི་བྱིས་པ་ཆུང་ཆུང་ཞིག་གི་སྐོར་རེད། ངས་གློག་བརྙན་དེར་ལྟ་སྐབས། ང་རང་བྱིས་པ་ཆུང་ཆུང་ཞིག་ཡིན་པ་ལྟ་བུའི་ཚོར་སྣང་བྱུང་སོང་ལ། དམིགས་བསལ་གློག་བརྙན་དེར་གསར་གཏོད་ཀྱི་ཕྱོགས་མང་པོ་འདུག དཔེར་ན། གློག་བརྙན་དེའི་ནང་བྱིས་པ་ཆུང་ཆུང་དེས་ཐབས་ཤེས་དང་བློ་རིག་དགོད་བྲོ་བ་སོགས་བེད་སྤྱོད་བྱས་ཏེ། ཁ་ཁར་ཕྱིན་པའི་རང་ཉིད་ཀྱི་ཕ་མ་གཉིས་བསྐྱར་དུ་འགྲིག་མཐུན་བཟོས་པ་མ་ཟད། བྱིས་པ་དེས་ལས་ཀ་ཇི་བྱས་ལ་རེ་འདུན་གྱིས་ཁེངས་འདུག དེར་བརྟེན། གློག་བརྙན་དེས་ངའི་ཡིད་དབང་འཕྲོག་པ་ཙམ་མ་ཟད། ང་རང་དངོས་སུ་གློག་བརྙན་ནང་འཛུལ་བ་ལྟ་བུའི་ཚོར་སྣང་སྤྲད་བྱུང་། ཅེས་བརྗོད་བྱུང་།

ཐེངས་འདིའི་འགྲན་བསྡུར་དང་འབྲེལ་ཏེ་མ་འོངས་པར་དམིགས་ཡུལ་ག་རེ་ཡོད་མེད་དྲིས་བར། ངའི་དམིགས་ཡུལ་ནི་རྩོམ་པ་པོ་ཞིག་བྱ་རྒྱུ་དེ་ཡིན། ང་རང་ནམ་རྒྱུན་ནས་གློག་བརྙན་ལ་ལྟ་བ་དང་དེབ་ཀློག་བྱེད་རྒྱུར་དགའ་པོ་ཡོད་པ་མ་ཟད། རྩོམ་ཡིག་འབྲི་རྒྱུར་དགའ་པོ་ཞེ་དྲགས་ཡོད། དེར་བརྟེན་ངས་མུ་མཐུད་རྩོམ་འབྲི་བར་འབད་པ་བྱེད་རྒྱུ་ཡིན་ལ། དམིགས་བསལ་གྱིས་གློག་བརྙན་སྐོར་ལ་རྩོམ་བྲིས་ན་སྤྲོ་བ་འདུག དེ་མིན་གློག་བརྙན་བཟོ་སྐྲུན་སྐོར་ལ་བསམ་བློ་དམིགས་བསལ་གང་ཡང་འཁོར་གྱི་མི་འདུག ཅེས་ཟེར།

མོས་བོད་ཡིག་ཆེད་སྦྱོང་དགོས་པའི་དམིགས་ཡུལ་ཅི་ཡིན་དྲིེས་པར། བོད་མི་མང་ཆེ་བ་ཕྱི་དང་ནང་གཉིས་ཀྱི་ཤེས་བྱ་ལ་མཁས་པོ་འདུག འོན་ཀྱང་། ཕྱི་རྒྱལ་བ་མང་ཆེ་བ་ཕྱིའི་ཤེས་བྱ་ལ་བྱང་ཆུབ་བསྡད་ཡོད་ཀྱང་། ནང་སེམས་ཀྱི་ཤེས་བྱ་ཡག་པོ་མེད་དུས། མི་ཞིག་ལ་དངུལ་ག་ཚོད་མང་པོ་ཡོད་ཀྱང་། སེམས་པར་ད་དུང་སྐྱིད་པོ་འབྱུང་གི་མེད་པ་རེད། ང་རང་ལ་མཚོན་ན། བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པ་དེ་སོ་སོའི་འོས་འགན་རེད་བསམ་ཡོད། ཅེས་བརྗོད་བྱུང་།

མཇུག་ཏུ་བོད་རིགས་གཞོན་ནུ་ཚོར་རེ་སྐུལ་གྱི་ཚུལ་དུ་མོས། བོད་མི་ཚང་མས་བོད་དེ་རྒྱ་ནག་གིས་བདག་བཟུང་བྱས་ཏེ། བོད་ཀྱི་དགོན་པ་དང་དཔེ་ཆ་མང་པོ་ཞིག་ལ་གཏོར་བཤིག་བཏང་ཡོད་པ་ཤེས་པའི་ཐོག་ནས་སོ་སོའི་སྐད་ཡིག་སྦྱོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་མ་ཟད། མི་རིགས་གཞན་གྱི་སྐད་ཡིག་མ་ཤེས་གོང་མི་རིགས་རང་གི་སྐད་ཡིག་ཡག་པོ་ཤེས་རྒྱུ་ནི་དེ་བས་ཀྱང་གལ་ཆེན་པོ་ཆགས་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༡/༠༦

Leave a Reply

3 thoughts on “གཞན་སྐད་མ་ཤེས་གོང་རང་སྐད་སྦྱོང་རྒྱུ་གལ་ཆེན་པོ་ཞེ་དྲཊ་རེད།

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    བོད་ཀྱི་ཕ་སྐད་ཙང་མ་ ས་མཚམས་པ་ཚོའི་ རྒྱག་བཞིན་ཡོད། དེ་ཡང་ གཞན་ལ་ཤོར། མ་འོང་པར་་་་་་ ? ཨོ་ཧོ་ ལས་སླ་པོ་གློད་ས་མ་རེད།
    ངས་ཅག་ཕྱི་ལ་ཡོད་པའི་བོད་པ་ཚང་ རང་འགུལ་གྱིས་ Auotomatic Rebel ཆགས་ནས་བསྡད་ཡོད། ཤེས་པར་གནང་།

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    སྐད་ཡིག་ལས་ཀྱང་མི་རིགས་སྲུང་སྐྱོབས་སྔོན་འཐོན་གལ་།
    མི་རིགས་བྱ་སྤུ་རི་འཐོར་གནས་ནས་སྐད་ཡིག་སྲུང་སྐྱོབས་གླིང་སྒྲུང་འདྲ་།
    མི་རིགས་སྲུང་སྐྱོབས་སྐད་ཡིག་ལས་ཀྱང་གལ་ཆེར་མངོན་།
    བོད་ཀྱི་སྐད་ཡིག་བོད་མིའི་ལས་དབང་རི་མཐོའི་དར་ལྕོག་འདྲ་།