འཛམ་གླིང་གི་རྒྱལ་ཁབ་ཡོད་ཚད་མཐུན་ཚོཊ་གཅིག་ཏུ་འདུས་པ་ཞིག་བྱུང་ན་ཡག་པོ་འདུག

དཀའ་རྙོག་སེལ་ཐབས་ཀྱི་ན་གཞོན་མགོ་འཁྲིད་བགྲོ་གླེང་ཐོག་༧གོང་ས་མཆོག་གིས་ན་གཞོན་ཚོས་རེ་བ་བཟང་ས་ནས་བརྒྱབ་སྟེ་འབད་བརྩོན་བྱས་ན་མ་འོངས་པར་ལོ་ངོ་ཉི་ཤུ་སུམ་ཅུའི་ནང་ཏན་ཏན་འགྱུར་བ་ཞིག་ཡོང་རྒྱུ་ཡིན་སྐོར་གསུངས་སོང་།

དེ་རིང་ཆུ་ཚོད་ ༩ པའི་སྟེང་ཨ་རིའི་ཞི་བདེ་ཚོགས་པའི་(US Institute of Peace)གོ་སྒྲིག་འོག བཞུགས་སྒར་དྷ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་ཚོགས་ཁང་ནང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྩོད་རྙོག་ཅན་གྱི་རྒྱལ་ཁབ་ཁག་ ༡༢ ནས་ཕེབས་པའི་ན་གཞོན་མགོ་འཁྲིད་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་དབུ་འཛུགས་གནང་སོང་བ་དང་། ཐོག་མར་ན་གཞོན་མགོ་འཁྲིད་ཚོས་སོ་སོའི་རྒྱལ་ཁབ་ནང་འབྱུང་བཞིན་པའི་དཀའ་རྙོག་སྐོར་དང་སྒེར་གྱི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་གནང་བ་དང་འབྲེལ། རྩོད་རྙོག་དེ་དག་ལ་ཇི་ལྟར་གདོང་ལེན་བྱེད་དགོས་མིན་ཐད་༧གོང་ས་མཆོག་ལ་བཀའ་འདྲི་ཞུས་སོང་།

བགྲོ་གླེང་གི་གོང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཁྱོད་ཚོ་ན་གཞོན་རྣམ་པར་ང་ཚོས་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། ཁྱོད་རྣམ་པས་བསམ་བློ་ཕྱོགས་གཅིག་ནས་མིན་པར་རྒྱ་ཆེ་ས་ནས་གཏང་དགོས་པ་མ་ཟད། བྱ་བ་གང་ཞིག་བྱས་ཀྱང་དེའི་ཤུགས་རྐྱེན་གང་ཡོང་མིན་ཐད་ལ་ངེས་པར་བསམ་བློ་སྔོན་ཚུན་ནས་གཏང་དགོས་པ་རེད། གལ་ཏེ་རང་གི་དགྲ་བོ་ཡིན་ཡང་ཕྱོགས་གང་ས་ནས་བསམ་བློ་བཏང་སྟེ་བལྟས་པའི་སྐབས་སུ། ཁོང་ཚོའང་ང་ཚོས་བསམ་པ་ནང་བཞིན་སྡུག་ཅག་རང་མེད་པ་མཐོང་གི་རེད། དེར་བརྟེན་ང་ཚོས་རང་གི་དཀའ་ངལ་དེ་ཚོ་ལའང་བསམ་བློ་རྒྱ་ཆེན་པོ་དང་དངོས་ཡོད་གནས་སྟངས་ཤེས་པ་བྱེད་དགོས་ཀྱི་འདུག དེ་ལྟར་བྱས་ན་དཀའ་ངལ་མང་པོ་ཞིག་རང་བཞིན་གྱིས་ཉུང་དུ་འགྲོ་བ་ལྟ་བུ་མཐོང་གི་འདུག སྤྱིར་བཏང་ས་མཚམས་དང་སོ་སོའི་རྒྱལ་ཁབ་ཅེས་པ་ཞིག་མེད་པར་འཛམ་གླིང་འདིའི་རྒྱལ་ཁབ་ཡོད་ཚད་མཐུན་ཚོགས་གཅིག་ཏུ་འདུས་པ་ཞིག་བྱུང་ན་ཡག་པོ་འདུག ངོས་རང་འཚོ་ཞིང་གནས་པའི་སྐབས་ལ་དེ་འདྲ་ཡོང་ཐུབ་པ་ཞིག་མ་རེད་ལ། ཁྱོད་རྣམ་པའི་མི་ཚེའི་ནང་དུའང་ཡོང་ཐུབ་མིན་བཤད་ཚོད་ཐིག་གི་མི་འདུག འོན་ཀྱང་ཁྱོད་རྣམ་པས་ད་ལྟ་ནས་མགོ་བཙུགས་ཏེ་འབད་བརྩོན་བྱས་ན། ཡོང་རྒྱུའི་ལོ་ངོ་ ༢༠ ཡང་ན་ ༣༠ ནང་ཏན་ཏན་འགྱུར་བ་བཟང་པོ་ཞིག་ཡོང་གི་རེད་བསམ་གྱི་འདུག དེར་བརྟེན་ཁྱོད་རྣམ་པས་རེ་བ་བཟང་ས་དང་དངོས་ཡོད་གནས་སྟངས་གཞིར་བཞག་ཐོག་འབད་བརྩོན་ཧུར་ཐག་གནང་རོགས། ཞེས་གསུངས་སོང་།

དེང་སྐབས་ཀྱི་ཤེས་ཡོན་གྱིས་མཚམས་རེར་ཕན་པ་ལས་གནོད་པ་ཆེ་བའི་སྐོར་ལ་༧གོང་ས་མཆོག་གིས། དེང་སང་ཤེས་ཡོན་ཡོད་པ་ཙམ་གྱིས་འགྲིག་བསྡད་ཡོད་པ་མ་རེད། གང་ཡིན་ཟེར་ན། དེང་སྐབས་ཀྱི་ཤེས་ཡོན་དེ་ཚོས་ཕྱི་དངོས་པོའི་ཡར་རྒྱས་ལ་གཙིགས་ཆེན་པོར་བྱེད་ཀྱི་ཡོད། རང་ལ་ཕྱི་དངོས་པོ་ཡར་རྒྱས་ཕྱིན་ཏེ་གོ་གནས་དང་ནུས་སྟོབས་ཐོབ་ཀྱང་། དེ་ལ་བརྟེན་ནས་ཕྱོགས་རེས་དང་དབྱེ་འབྱེད་ཀྱི་བསམ་བློ་སྐྱེས་ནས་ཕན་ཐོགས་པ་ལས། མཚམས་རེར་གནོད་པ་མང་བ་སྐྱེལ་གྱི་འདུག དེར་བརྟེན་ངོས་ནས་རྒྱུན་ལྡན་དེང་སྐབས་ཀྱི་ཤེས་ཡོན་སྒྲོམ་གཞིའི་ནང་ནང་བསམ་བློའི་སྐོར་གྱི་བསླབ་གཞི་དགོས་ཀྱི་འདུག་བཤད་སྡོད་ཀྱི་ཡོད། ནང་བསམ་བློའི་སྐོར་གྱི་བསླབ་གཞིའི་ནང་བྱམས་པ་དང་བརྩེ་བ། ཞི་བདེ་སོགས་ཡོང་གི་ཡོད། ངོས་ཀྱིས་ད་ལྟ་ང་ཚོས་ནང་བསམ་བློའི་ཡོན་ཏན་དེ་དག་གོང་སྤེལ་གཏོང་དགོས་རེད་བསམ་གྱི་འདུག ནུབ་ཕྱོགས་ཀྱི་རྒྱལ་ཁབ་དེ་ཚོའི་ནང་དེང་དུས་ཀྱི་ཤེས་ཡོན་གནས་ཚད་ཧ་ཅང་མཐོ་བོ་ཡིན་ཡང་། དེ་དག་གི་ནང་དུ་རྩོད་རྙོག་ཧ་ཅང་མང་པོ་ཡོང་བསྡད་འདུག ཅེས་གསུངས་སོང་།

ཡང་རྒྱ་གར་གྱི་རང་དབང་དང་འདྲ་མཉམ་གྱི་གནས་སྟངས་ལ་རྒྱ་ནག་གིས་མིག་དཔེ་ལྟ་དགོས་པའི་སྐོར་ལ་ཁོང་གིས། ཧུའུ་ཅིན་ཐའོ་རྒྱ་གར་ལ་ལྟ་སྐོར་སླེབས་པའི་སྐབས་ཤིག་ཏུ་ངོས་ལ་གསར་འགོད་པ་ཞིག་གིས། ངོས་ནས་ཧུའུ་ཅིན་ཐའོ་ལ་བརྡ་ལན་གང་འབུལ་འདོད་ཡོད་ཅེས་དྲིས་བྱུང་། སྐབས་དེར་ངོས་ཀྱིས་གསར་འགོད་པར་ཧུའུ་ཅིན་ཐའོ་རྒྱ་གར་དུ་སླེབས་ཏེ་རྒྱ་གར་གྱི་ཁྱད་ཆོས་དེ་མགོ་ཚོས་ན་འགྲིག་འདུག་ཞུས་པ་ཡིན། རྒྱ་གར་གྱི་བྱང་ཕྱོགས་དང་ལྷོ་ཕྱོགས། ནུབ་ཕྱོགས་དང་ཤར་ཕྱོགས་བཅས་ཀྱི་རིག་གཞུང་དང་སྐད་ཡིག་སོགས་ཅུང་ཟད་མ་འདྲ་བ་ཡིན་ཡང་། རྒྱ་གར་གྱི་ཕྱོགས་བཞི་གཅིག་ཏུ་བསྒྲིལ་ནས་ཕན་ཚུན་འཆམ་པོ་བྱས་ཏེ། རང་དབང་དང་འདྲ་མཉམ་གྱི་ཐོག་ནས་བདེ་སྐྱིད་ངང་འཚོ་གནས་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་ཧུའུ་ཅིན་ཐའོ་ཡིས་ཀྱང་རྒྱ་ནག་གི་མི་རིགས་དང་སྐད་ཡིག་རིག་གཞུང་སོགས་མ་འདྲ་བ་རྣམས་ལ་རང་དབང་དང་འདྲ་མཉམ་གྱི་ཐོག་ནས་ལྟ་སྐྱོང་བྱེད་དགོས། དེ་ལྟར་བྱས་ན་རྒྱ་ནག་ནང་བདེ་སྐྱིད་ཡོང་གི་རེད་བཤད་པ་ཡིན། ཞེས་གསུངས་སོང་།

བགྲོ་གླེང་དང་འབྲེལ་ཏེ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། ང་ཚོས་བྱེད་པ་པོ་དང་བྱེད་ལས་གཉིས་ཤེས་དགོས། ང་ཚོས་འདོར་དགོས་པ་དེ་བྱེད་ལས་ཡིན་པ་རེད། ང་ཚོར་དཀའ་ངལ་ག་རེ་ཡོད་ཅེ་ན། དཔེར་ན། གནད་དོན་ཞིག་བྱུང་སྐབས་ང་ཚོས་བྱེད་པ་པོ་དང་བྱེད་ལས་གཉིས་དབྱེ་འབྱེད་མ་ཐུབ་པ་དེ་རེད། དངོས་གནས་བྱས་ན། གནད་དོན་ནམ་དོན་དག་ཅིག་ལྷག་སྐབས་བྱེད་ལས་ལ་བརྟེན་ནས་བྱུང་བ་ཡིན་སྟབས། ང་ཚོས་བྱེད་ལས་ལ་ཁ་གཏད་གཅོག་དགོས་པ་ལས་བྱེད་པ་པོ་ལ་མིན། གལ་ཏེ་ང་ཚོས་བྱེད་པ་པོ་ལ་དགྲ་ཤ་ལེན་པ་ཡིན་ན། ང་ཚོའང་ནག་ཉེས་བྱེད་མཁན་དང་ཁྱད་པར་མེད་པ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་བྱེད་ལས་ལ་ཁ་གཏད་གཅོག་པར་ང་ཚོས་བྱེད་པ་པོ་ལ་བརྩེ་བ་དང་ལམ་སྟོན་བྱས་ཏེ། བྱེད་པ་པོར་ནོར་འཁྲུལ་གང་ཡིན་པ་དེ་ངོ་འཕྲོད་ཐབས་ལ་འབད་བརྩོན་བྱེད་དགོས་པ་ཞིག་རེད། ཅེས་གསུངས་སོང་།ཉིན་གྲངས་གཉིས་རིང་གི་ད་ལན་གྱི་བགྲོ་གླེང་ཚོགས་འདུ་འདི་ནི་རྩོད་རྙོག་སེལ་ཐབས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་པ་ཐེངས་གཉིས་པ་དེ་ཡིན་ཞིང་། བགྲོ་གླེང་ཚོགས་འདུ་འདིའི་ཐོག་རྒྱལ་ཁབ་ ༡༢ ནས་ཆེད་དུ་ཕེབས་པའི་ན་གཞོན་མགོ་འཁྲིད་པ་ ༢༥ ནས་སོ་སོའི་རྒྱལ་ཁབ་ནང་གི་དཀའ་རྙོག་སྐོར་དང་། དེར་གདོང་ལེན་དང་སེལ་ཐབས་སྐོར་ལ་བགྲོ་གླེང་བཀའ་འདྲི་ཞུ་བཞིན་ཡོད་པ་དང་། དེ་རིང་བགྲོ་གླེང་དབུ་འཛུགས་ཐོག་འཐུས་ཚབ་ན་གཞོན་ཁག་ཅིག་ནས་ལྷོ་ཨ་ཧྥེ་རི་ཁའི་བྷོ་ཀོ་ཧ་རཱམ་(Bokoharam)གྱི་བྱ་སྤྱོད་ངན་པ་ལ་བརྟེན་ནས་བུད་མེད་མང་པོ་དཀའ་སྡུག་ནང་ལྷུང་ཡོད་པ་དང་། དེ་བཞིན། འབར་མའི་ནང་གི་རཱོ་ཧིན་གྷ་ཡའི་(Rohingya)དཀའ་རྙོག གཞན་ཡང་། (ISIS)་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པའི་དྲག་སྤྱོད་ཁྲོད་དཀའ་སྡུག་མྱོང་བཞིན་པའི་སི་རི་ཡཱ་དང་ཨཱབ་གྷ་ནི་ཐཱན། སུའུ་ཊིན་སོགས་ཀྱི་གནས་སྟངས་སྐོར་འགྲེལ་བརྗོད་དང་། དཀའ་རྙོག་དེ་དག་སེལ་ཐབས་ཅི་ཡོད་སྐོར་བཀའ་འདྲི་ཞུས་སོང་།

གསར་འགོད་པ། ཉི་མ་ཚེ་རིང་།

 

བསྐྱར་བཅོས།: ༢༠༡༧/༡༡/༠༦

Leave a Reply