ཡུ་ཆན་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོར་བསྐོས།

རྒྱ་ནག་དབུས་རྒྱུན་ལྷན་ཚོགས་ཀྱིས་ཧྥུ་ཅན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཟུར་པ་ཡུ་ཆན་ཟེར་བ་དེ་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོར་བསྐོ་བཞག་བྱས་ཡོད་འདུག

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། ཁ་སང་རྒྱ་ནག་དབུས་རྒྱུན་ལས་ལྷན་ཚོགས་ནས་རྒྱ་ནག་ལྷོ་ཤར་ཧྥུ་ཅན་ (Fujian) ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཟུར་པ་ཡུ་ཆན་ (You Quan) ཟེར་བ་དེ། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོར་བསྐོ་བཞག་བྱས་ཡོད་པ་དང་། ཡུ་ཆེན་གྱི་ལས་འགན་གཙོ་བོ་མ་འོངས་པར་དམར་ཤོག་ཚོགས་པའི་དཔོན་རིགས་ཚོའི་ལར་ཞེན་ཇེ་བརྟན་དུ་གཏོང་རྒྱུ་དང་། ཕྱིའི་རྒྱལ་ཁབ་ཁག་ནང་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་གཏོང་ཐབས། བོད་དང་ཤིན་ཅང་། ཐའེ་ཝན་བཅས་ཀྱི་གནད་དོན་གཙོས་པའི་རྒྱ་ནག་ནང་གི་ཆོས་ལུགས་ལས་དོན་དང་གྲངས་ཉུང་མི་རིགས་ཁག་གི་འབྲེལ་ལམ་དོ་དམ་བྱ་རྒྱུ་བཅས་ཡིན་འདུག

ཡུ་ཆན་གྱི་ལས་ཀའི་ཉམས་མྱོང་དང་བྱས་རྗེས་གཙོ་བོ་ནི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་གཞོན་ཡིན་པའི་སྐབས་སུ། གྲངས་ཉུང་མི་རིགས་ཁག་གི་འབྲེལ་ལམ་དང་། ཆོས་ལུགས་ལས་དོན་གྱི་གནད་དོན། ཐའེ་ཝན་དང་ཧོང་ཀོང་། ཨོ་མན་བཅས་ཀྱི་རྩོད་རྙོག་མང་པོ་ཞིག་ཞི་འཇགས་བཟོ་ཐབས་ཀྱི་འབྲེལ་ལམ་བཟུང་བ་དེ་ཡིན་འདུག

ཡུ་ཆན་ཟེར་བ་དེ་ཕྱི་ལོ་ ༡༩༥༤ ལོར་པེ་ཅིན་གྲོང་ཁྱེར་དུ་སྐྱེས་པའི་ཧུའུ་པེ་ཞིང་ཆེན་གྱི་མི་ཡིན་ཞིང་། ཕྱི་ལོ་ ༡༩༧༣ ལོར་དམར་ཤོག་ཚོགས་ཁོངས་སུ་ཞུགས་ཏེ། སྔ་རྗེས་སུ་རྒྱ་ནག་དམར་ཤོག་དབུས་འཛིན་སྐྱོང་དྲུང་ཆེ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་གཞོན། སྲིད་བློན་ཟུར་བ་ཝུན་ཅ་པའོ་ཡི་སྐབས་སྲིད་བློན་གཞོན་པ་ལེ་ཁི་ཆཱང་གི་ལས་རོགས་གཙོ་བོ་དང་། ཕྱི་ལོ ༢༠༡༢ ལོར་ཞི་ཅིན་ཕིན་སྲིད་འཛིན་དུ་བསྐོས་རྗེས། ཡུ་ཆན་ (You Quan) དང་ཏིན་ཞེ་ཞིང་ (Ding Xuexiang)། ཁྲུན་ཞི་ (Chen Xi)། ལི་ཆཱང་ (Li Qiang)། ལི་ཞི་ (Li Xi) བཅས་ནི་ཞི་ཅིན་ཕིན་གྱི་བློས་ཐུབ་དཔོན་རིགས་གཙོ་བོར་གྱུར་ཡོད་པ་དང་། ལོ་དེར་ཞི་ཅིན་ཕིན་གྱིས་ཡུ་ཆན་ཟེར་བ་དེ་ཧྥུ་ཅན་ཞིང་ཆེན་གྱི་གྱི་དམར་ཤོག་དྲུང་ཆེར་བསྐོས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༡/༠༨

Leave a Reply

One thought on “ཡུ་ཆན་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོར་བསྐོས།

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    ཨོ་ཧོ། རྒྱ་དམར་གུང་ཁྲན་ཏང་ལ་ ཇག་དཔོན་ ག་ཚོད་འདམ་འདམ་འདུག་ག། ངེས་ཅག་བོད་པ་ཚོ་ གཉིད་ཁུག་མ་བསྡད་པར་ གཉིད་གསོད། གཉིད་གསོད།