ཨ་རིའི་དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་མཆོག་གི་གསལ་བཤད།

འཛིན་སྐྱོང་བཀའ་ཤག་ནས་ཨ་རིའི་སྐུ་ཚབ་དོན་གཅོད་གསར་པ་བསྐོ་བཞག་གནང་ཡོད་པའི་གསལ་བསྒྲགས་དེའི་སྐོར་ལ་སྐུ་ཚབ་དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་མཆོག་ནས་གསལ་བཤད་ཅིག་གནང་འདུག

ཁ་སང་ཕྱི་ཚེས་ ༧ ཉིན་བཀའ་ཤག་ནས་ཨ་རིའི་སྐུ་ཚབ་དོན་གཅོད་གསར་པ་བསྐོ་བཞག་བྱུང་ཡོད་པའི་གསལ་བསྒྲགས་གནང་རྗེས། སྤྱི་ཚོགས་ནང་གློ་བུར་དུ་དོན་གཅོད་འཕོ་འགྱུར་གཏོང་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་ལ་གླེང་སློང་སྣ་ཚོགས་འབྱུང་བཞིན་ཡོད་པ་དང་།  སྐུ་ཚབ་དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་མཆོག་ནས་ཟླ་འདིའི་ཕྱི་ཚེས་ ༦ ཉིན་བཀའ་ཤག་ནས་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ལས་མཚམས་འཇོག་དགོས་པའི་བཀའ་ཡིག་འབྱོར་ཡོད་སྐོར་དང་། འདས་པའི་ལོ་གཅིག་དང་ཟླ་གཉིས་ལྷག་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་གནང་སྟེ་ཕྱག་ལས་གཙོ་བོ་ག་རེ་གནང་ཡོད་པའི་སྐོར་སོགས་ངོ་སྤྲོད་གསལ་བཤད་གནང་འདུག

ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲིར་བཀའ་ལན་གནང་སྐབས། ཨ་རིའི་སྐུ་ཚབ་དོན་གཅོད་ལ་འགྱུར་བ་གཏོང་མིན་གྱི་དབང་ཆ་འཛིན་སྐྱོང་བཀའ་ཤག་ལ་ཡོད་སྟབས། བཀའ་ཤག་གི་ཐག་གཅོད་ག་རེ་གནང་པ་དེ་བཞིན་འགྲོ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ང་རང་གི་བསམ་ཚུལ་དེ་ཐོག་མར་ཕྲུ་གུ་མང་བའི་ཁྱིམ་ཚང་ཞིག་ནས་ཡོང་སྟེ། ལོ་ངོ་ ༢༠ རིང་བོད་མི་མང་སྤྱི་འཐུས་ནང་འགན་འཁུར་ཡོད་ལ། ལོ་ངོ་བདུན་དང་ཕྱེད་ཀའི་རིང་བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་མཉམ་ཞིབ་ཁང་དུ་ལས་ཀ་བྱས་ཏེ་ད་ལྟ་ང་རང་དངོས་གནས་དྲང་གནས་གང་ཡིན་པ་དེ་ཆགས་པའི་མིང་གཞི་གཏིང་བའི་གོ་སྐབས་བྱུང་བ་དང་། ལྷག་པར་དུ་ང་ཚོའི་སྤྱི་ཚོགས་ནང་རླབས་ཆེ་བའི་མི་སྣ་ཟམ་གདོང་རིན་པོ་ཆེ་མཆོག་ལྟ་བུའི་འོག་ཞབས་ཞུ་སྒྲུབ་རྒྱུའིི་གོ་སྐབས་ཐོབ་པ་དང་། ལོ་བདུན་དང་ཕྱེད་ཀའི་རིང་སྤྱི་འཐུས་ཚོགས་གཙོའི་འགན་འཁུར་ཏེ་ཞབས་ཞུ་སྒྲུབ་པའི་གོ་སྐབས་བྱུང་བ་དེ་ཚོ་ཚང་མ་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཤ་སྟག་རེད། དེ་ནས་སྐུ་ཚབ་དོན་གཅོད་བྱས་ནས་ལོ་གཅིག་དང་ཟླ་བ་གཉིས་ཙམ་མ་གཏོགས་འགྲོ་ཡི་ཡོད་པ་མ་རེད། ད་ལྟའི་བར་དུ་བྱང་ཨ་རིའི་ནང་ང་ནས་རྩིས་པའི་དོན་གཅོད་ ༡༠ བྱུང་ཡོད་པ་དང་། དེའི་ནང་ནས་དུས་ཡུན་ཐུང་ཤོས་དེ་ང་ཆགས་ཡོད་དུས། དུས་ཡུན་ཐུང་ཐུང་འདིའི་ནང་ངས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་གྲུབ་འབྲས་ག་རེ་ཐོན་ཐུབ་ཡོད་མེད་ལ་བསམ་བློ་གཏོང་དགོས་པའི་གནས་སྟངས་ཤིག་ཆགས་ཡོང་གི་འདུག ཕྱོགས་གཞན་ཞིག་ནས་ད་ལྟ་ང་ལ་ཉིན་གྲངས་ ༢༢ ཀྱི་དུས་ཚོད་ལས་མེད་དུས། དེའི་རིང་ལ་དོན་གཅོད་གསར་པར་རྩིས་སྤྲོད་རྩིས་ལེན་གྱི་ཡིག་ཆ་སོགས་གྲྭ་སྒྲིག་བྱ་དགོས་ཡོད་པ་རེད། བཀའ་ཤག་གི་ཐག་གཅོད་ལེན་དགོས་པ་དེ་བོད་བསྟན་སྲིད་མི་རིགས་ཀྱི་ཁེ་ཕན་ཆེད་གནང་ཡོད་རྒྱུ་རེད་ལ། ང་རང་སྒེར་ལྟ་བུར་ཆ་བཞག་ན་མི་གཅིག་གི་གནས་སྟངས་དེ་གལ་ཆེན་པོ་མ་རེད། སྒྲིག་འཛུགས་དང་འཐབ་རྩོད་གལ་ཆེན་པོ་རེད། དེར་བརྟེན། བཀའ་ཤག་གི་སྤྱི་མོས་ཐག་གཅོད་གནང་ཡོད་གསུངས་དུས་གནད་དོན་གལ་ཆེན་དེ་ཚོའི་ཐོག་དགོངས་པ་བཞེས་ཡོད་པར་དྲན་ཡོད། ང་ལ་བཀའ་ཤག་གི་ཡི་གེ་དེ་ཕྱི་ཚེས་ ༦ ཉིན་འབྱོར་སོང་བ་དང་། ཕྱི་ཚེས་ ༧ཉིན་བརྒྱུད་ལམ་ཁག་ཏུ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ལགས་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱས་ཡོད་པའི་གནས་ཚུལ་དེ་གོ་ཐོས་བྱུང་སོང་།

གནས་ཚུལ་དེ་སྤྱི་ཚོགས་བརྒྱུད་ལམ་མང་པོའི་ནང་བྲིན་རྒྱུགས་བྱེད་བཞིན་ཡོད་དུས། མདང་དགོང་ཨ་རིའི་ཆུ་ཚོད་ ༡༡ ཡས་མས་སུ་མིི་མང་པོ་ཞིག་གིས། ཁྱེད་ཀྱིས་ནོར་འཁྲུལ་འདྲ་བཟོས་པ་མིན་ནམ་ཞེས་འདྲི་མཁན་མང་པོ་འདུག དེར་བརྟེན། ངས་གསལ་པོ་བྱས་ནས་ཞུ་རྒྱུར་ངས་ད་ལྟའི་བར་ལས་ཀ་ག་རེ་བྱས་བཞག་པ་ཚང་མ་དྲང་པོ་དྲང་བཞག་དང་ཁ་རི་ཁ་ཐུག་ཡིན། གལ་སྲིད་མ་འགྲིག་མ་དག་པ་དེ་འདྲ་བྱུང་སྐབས་གོང་རིམ་ལ་ཡིན་ཡང་ཁ་ཐུག་ཞུ་ཡི་ཡོད་སྟབས། གནས་སྟངས་དེ་འདྲའི་ཐོག་ནས་ཐུགས་མ་མཉེས་པ་དེ་འདྲ་བྱུང་ཡོད་ན་མི་ཤེས་མ་གཏོགས་གཞན་པ་ངས་ནོར་འཁྲུལ་བྱས་བཞག་པ་དེ་འདྲ་གང་ཡང་མེད། ངས་ད་ལྟའི་བར་དུ་ལས་ཀ་རང་ལ་བརྩོན་ནས་བསྡད་པ་ཡིན་ལ། གལ་སྲིད་གནས་ཚུལ་དེ་འདྲ་ཡི་རྐྱེན་པས་ཐུགས་དོགས་གནང་མཁན་ཡོད་པ་ཡིན་ན་ཐུགས་དོགས་མ་གནང་རོགས་ཞུ་ཡ་ཡིན། སྤྱི་ཚོགས་ནང་སྐད་ཆ་ཡང་འདྲ་མིན་ཞིག་འགྲོ་ཡི་ཡོད་པ་འདྲ། འདི་ལོའི་ཕྱི་ཟླ་ ༦ པའི་ནང་༧གོང་ས་མཆོག་མཱི་ནེ་སོ་ཊའི་ནང་ཆིབས་གནང་སྐབས། ང་ལ་བཀའ་སྐྱོན་མང་པོ་ཕོག་ཡོད་རེད་ཟེར་མཁན་དང་། ཡང་ཕྱི་ཟླ་ལྔ་བའི་ནང་ནིན་སི་པོལ་སི་གཙོས་པའི་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དྷ་སར་སྐུ་བཅར་ཞུས་སྐབས་ང་ལ་བཀའ་སྐྱོན་མང་པོ་ཕོག་ཡོད་པ་རེད་ལབ་མཁན། དེ་བཞིན། ཉེ་ཆར་ཕྱི་ཟླ་ ༡༠པའི་ཚེས་ ༡༣ ཉིན་ངས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་ཡིན་ལ། དེའི་སྐབས་སུའང་ང་ལ་བཀའ་སྐྱོན་གནང་བ་རེད་ཟེར་བ་སོགས་ཀྱི་གནས་ཚུལ་མང་པོ་ཞིག་འགྲེམས་སྤེལ་བྱེད་བཞིན་ཡོད་ཀྱང་དེ་ཚོ་བདེན་པ་མ་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ང་ཚོའི་ལས་དོན་རང་གི་སྐོར་དང་། སྙན་གསེང་ཞུས་པའི་སྐོར་ལ་བཀའ་སློབ་ལམ་སྟོན་གནང་བ་རེད་མ་གཏོགས་བཀའ་སྐྱོན་གནང་བ་དེ་འདྲ་བྱུང་མེད། དེར་བརྟེན། སྤྱི་ཚོགས་ནང་གནས་ཚུལ་དེ་འདྲའི་རིགས་འགྲོ་ཡི་ཡོད་པ་དཀྲོག་གཏམ་རེད།

ང་རང་བརྒྱུད་ལམ་ཁག་ཏུ་ཞུགས་ཐུབ་ཀྱི་མི་འདུག་སྟེ་ཁ་པར་བརྒྱུད་དེ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཡང་དཀྲོག་གཏམ་གཞན་པ་ཞིག་ལ་མི་མང་པོ་ཞིག་གིས་སྤེན་པ་ཚེ་རིང་དོན་གཅོད་ལས་གནས་ནས་མཚམས་འཇོག་བྱས་ཀྱང་། ཁོ་ལ་ལས་གནས་གཞན་པ་འདི་དང་དེ་སྤྲོད་ཀྱི་ཡོད་པ་རེད་ལབ་སྡོད་མཁན་འདུག་ཟེར། ད་ལྟ་ང་ལ་དངོས་སུ་ཁྱེད་རང་གི་ལས་གནས་འདི་འདྲ་ཞིག་འཁུར་དགོས་ཡོད་ཅེས་གསུངས་མཁན་གང་ཡང་བྱུང་མ་སོང་། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དགོངས་པ་གཏིང་ཟབ་པོ་ཞིག་བཞེས་ནས་འགྱུར་བ་འདི་བཏང་ཡོད་པའི་གནས་སྟངས་ཤིག་ལ་ངོས་འཛིན་ཞུས་ཡི་ཡོད། རྒྱུ་མཚན་ནི། དེ་ནི་ཁྱིམ་ཚང་གཅིག་གི་འགན་འཁུར་ནས་བཞུགས་བསྡད་ཡོད་མ་རེད་ལ།མི་སྒེར་གཅིག་གིས་སོ་སོའི་འཚོ་བ་སྐྱེལ་ཆེད་བཞུགས་བསྡད་ཡོད་པའང་མ་རེད། བོད་སྤྱི་པའི་རྩ་དོན་ཆེད་མི་མང་གིས་བདམས་ཏེ་བཞུགས་བསྡད་ཡོད་དུས་ཏན་ཏན་དགོངས་པ་གཏིང་ཟབ་པོ་བཞེས་ཡོད་རྒྱུ་རེད་དྲན་ཡོད།

ཁ་སང་གི་གནས་ཚུལ་དེ་ཐོན་པ་ནས་བཟུང་ངས་ཉེན་ཁ་གཅིག་ག་རེ་མཐོང་གི་འདུག་ཞུས་ན། ང་ལ་ཡི་གེ་བཏང་བཞག་པ་དེ་ཕྱི་བསྒྲགས་བྱུང་མེད་པ་དང་། སྐུ་ངོ་དངོས་གྲུབ་ལགས་དོན་གཅོད་གསར་པར་བསྐོ་བཞག་གནང་པ་དེ་གཅིག་པུ་ཕྱིར་ཐོན་ཡོང་དུས།  མི་མང་གི་བསམ་བློའི་ནང་དོགས་པ་དང་རྣམ་རྟོག་དེ་འདྲ་མང་པོ་ཞིག་ཡོང་བསྡད་ཡོད་པ་དང་། ང་ལ་ཁ་པར་འབྱོར་བའི་གནས་སྟངས་ལ་བསམ་བློ་བཏང་ན། དེ་སྔོན་འོས་བསྡུའི་ལས་རིམ་སྐབས་སུའང་ང་ཚོའི་སྤྱི་ཚོགས་དུམ་བུར་ཕྱིན་པ་ལྟར་ད་ལྟ་དེ་འདྲ་ཞིག་འབྱུང་མི་ཡོང་ངམ་བསམ་པའི་སེམས་འཚབ་སྐྱེས་ཡོང་གི་འདུག  ང་རང་ངོས་ནས་དམ་བཅའ་བརྟན་པོ་ཡིན། ང་ཚོའི་སྤྱི་ཚོགས་ནང་ནང་དཀྲུག་མི་ཐེབས་པ་དང་རྙོག་དྲ་མི་ཡོང་བ། དེ་བཞིན། ང་ཚོའི་སྤྱི་ཚོགས་འདི་ཁ་ཙམ་གྱི་རྡོག་རྩ་གཅིག་སྒྲིལ་མ་ཡིན་པར་དོན་དམ་པའི་ཐོག་ནས་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་སུ་འབད་བརྩོན་དངོས་ཤུགས་བརྒྱུད་གསུམ་ནས་ཞུ་དགོས་པ་གལ་ཆེན་པོ་བརྩི་ཡི་ཡོད་ལ།  དེ་ག་རང་མ་གཏོགས་ད་ལྟའི་གནས་ཚུལ་གྱི་རྐྱེན་པས་གནས་ཚུལ་འདི་ཤུགས་ཆེ་རུ་གཏོང་བ་དང་ངས་མ་འདོད་པའི་རྣམ་པ་སྟོན་པ་སོགས་རྩ་བ་ནས་སེམས་ནང་མེད། གལ་སྲིད་དེ་འདྲ་ཞིག་བྱས་པ་ཡིན་ན། དེས་ང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་པ་ཞིག་རྩ་བ་ནས་ཆགས་ཀྱི་མེད། དེར་བརྟེན་ཕྱོགས་གང་ནས་བལྟས་པ་ཡིན་ནའང་།  ང་ཚོ་ཚང་མས་དགོངས་པ་ཆེར་བཞེས་ཀྱིས་བོད་ཀྱི་རྩ་དོན་གཙོ་བོར་འཛིན་དགོས་པ་དང་གང་ཟག་དེ་གཉིས་པར་རྩིས་ཏེ་སྤྱི་ཚོགས་ནང་དཀྲོག་གཏམ་སྤེལ་བ་དང་། ཚིག་རྩུབ་པོ་དང་གཞི་མེད་སྐྱོན་བརྗོད་བྱེད་པ་སོགས་ཚང་མས་མ་གནང་བ་ཡིན་ན། ༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་མི་དཀྲུག་པར་ཁྱད་པར་ཞིག་བཟོ་ཐུབ་ཀྱི་རེད་བསམ་སྟབས། འདི་བརྒྱུད་ནས་འབོད་སྐུལ་ཞུ་རྒྱུའི་འདོད་པ་བྱུང་སོང་། ཞེས་གསུངས་སོང་།

ཡང་སྐུ་ཚབ་དོན་གཅོད་གནང་བའི་འདས་པའི་ལོ་གཅིག་ལྷག་ནང་ཕྱག་ལས་ག་རེ་གནང་ཟིན་ཡོད་པ་དང་མ་འོངས་པར་འཆར་གཞི་ག་རེ་བསྒྲིགས་ཡོད་པའི་སྐོར་ལ་ཁོང་གིས། ང་རང་ཐོག་མར་ཨ་རིའི་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་བྱས་སྐབས། ༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་ཁ་གསལ་པོ་དེ་འདྲ་ཕེབས་གནང་ཡོད། གཅིག་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དང་གཉིས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཀྱི་མིང་ཐོག་ནས་ལས་ཀ་བྱ་དགོས་ཡོད་དུས། ཨ་རི་དང་ཁེ་ན་ཌའི་ཆབ་སྲིད་མི་སྣ་དང་འབྲེལ་བ་བྱ་རྒྱུ་དེ་གལ་ཆེ་ཤོས་ཆགས་ཀྱི་ཡོད།  ང་ཚོའི་ཆབ་སྲིད་ལ་ལོ་མང་རིང་རྒྱབ་སྐྱོར་གནང་མཁན་རྒན་གྲས་དེ་ཚོ་ང་ཚོར་བཀའ་དྲིན་ཆེན་པོ་རེད་ལ། ཁོང་ཚོ་རྒས་འགྲོ་ཡི་ཡོད་པ་དང་། དགུང་ལོ་འབྲིང་པའི་ནང་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་འབྲེལ་ཐག་དེ་མུ་མཐུད་རྒྱུན་འཛིན་གནང་རྒྱུ་ཡང་གལ་ཆེན་ཆགས་ཡོད་ཀྱང་།  ང་ཚོའི་དོན་གཅོད་ཁང་ལ་ད་ལྟའི་ཆར་ལས་བྱེད་བཞི་ལས་མེད་པ་དང་། ལས་ཀ་རྒྱ་ཆེན་པོ་ཞེ་དྲགས་རེད། ང་ཚོ་མི་བཞི་ཡི་སྙོབ་ཐུབ་པའི་ལས་ཀ་ཞིག་མིན་སྟབས།  ངའི་ཐོག་མའི་སྲིད་བྱུས་སམ་ཡང་ན་ལངས་ཕྱོགས་ནི་ང་ཚོ་དང་ཕྱོགས་མཚུངས་ཀྱི་ལས་ཁུངས་ཁག་དང་མཉམ་རུབ་ཀྱིས་ནུས་པ་འདོན་རྒྱུ་དེ་རེད། ང་འདིར་ཡོང་བ་ནས་བཟུང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་དོན་གཅོད་ཁང་གཉིས་ཐུན་མོང་ཐོག་ཨ་རིའི་གྲོས་ཚོགས་དང་ཕོ་བྲང་དཀར་པོ། དེ་བཞིན། ཨ་རིའི་ཕྱི་སྲིད་ལས་ཁུངས་སོགས་ལ་འབྲེལ་བ་བྱས་ཏེ་ཚང་མར་ང་ཚོས་སྙོབ་ཐུབ་པ་དེ་འདྲ་བྱུང་མེད་ཀྱང་གང་ལ་གང་འཚམས་ཤིག་ལ་འབྲེལ་བ་བྱས་ཡོད།  ལོ་གཅིག་གི་རིང་ཉམས་མྱོང་གང་འཚམས་ཤིག་བསགས་ཏེ་ད་ལྟ་མགྱོགས་པོ་འགྲོ་དགོས་དུས་ཕངས་པོ་འདྲ་བོ་མཐོང་གི་འདུག་སྟེ་བྱེད་ཐབས་ཅི་ཡོད་པ་མ་རེད།  ལས་དོན་གྱི་ནང་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་ནི་འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྕམ་ནིན་སི་པོལ་སི་ལགས་ཀྱི་དབུས་པའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཆབ་སྲིད་མི་སྣ་བརྒྱད་དྷ་རམ་ས་ལར་བཅར་ཐུབ་པ་དེ་རྩ་བའི་བཀའ་ཤག་གིས་གསུངས་པ་ནང་བཞིན་སྔོན་མ་ནས་འཆར་གཞི་ཡོད་མདོག་ཁ་པོ་རེད།  འོན་ཀྱང་། ལས་ཀ་དངོས་གཞི་དེ་ན་ནིང་ཕྱི་ཟླ་ ༡༠ པ་ནས་མགོ་བཙུགས་ཏེ་ད་ལོའི་ཕྱི་ཟླ་ ༥ ནང་གྲུབ་པ་རེད། ཕྱོགས་གཅིག་ནས་ཁོང་ཚོ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་མཛའ་བརྩེ་ཆེན་པོ་གནང་ས་ཞིག་ཆགས་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཁོང་རྣམ་པ་ཚོ་དྷ་སར་ཕེབས་ཐུབ་པ་དེས་བོད་ནང་གི་བོད་མི་ཚོར་ཁོང་རྣམ་པ་ཁེར་རྐྱང་མིན་པ་དང་། ཨ་རིའི་ཆབ་སྲིད་མི་སྣས་ཡང་ང་ཚོར་རྒྱབ་སྐྱོར་འདུག་བསམ་པའི་བརྡ་ལན་ཆེན་པོ་ཞིག་བཏང་ཐུབ་ཡོད་ལ། རྒྱ་ནག་གཞུང་ལའང་བོད་པའི་གནད་དོན་དེ་དེ་འདྲ་བྱས་ནས་བཞག་པ་ཡིན་ན་འགྲིག་གི་མིན་འདུག  གང་ཡིན་ཟེར་ན། རྒྱལ་སྤྱིའི་སྟེང་བོད་པར་རྒྱལ་སྐྱོར་བྱེད་མཁན་ཤུགས་ཆེན་པོ་ཡོད་པའི་བརྡ་ལན་བསྟན་ཐུབ་ཡོད་དུས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་དོན་གཅོད་གཉིས་ཐུན་མོང་གིས་ལས་འགུལ་དེ་ལེགས་འགྲུབ་བྱུང་བ་རེད། དེ་བཞིན།  ང་ཚོ་ཐུན་མོང་ཐོག་འདི་ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་དེ་ཨ་རིའི་གྲོས་ཚོགས་ཚོགས་ཁང་དུ་གྲོས་ཚོགས་འཐུས་མི་༡༠ ལྷག་དང་། གཞན་བོད་དོན་རྒྱབ་སྐྱོར་བའི་གནད་ཡོད་མི་སྣ་སུམ་བརྒྱ་ལྷག་འཛོམས་པའི་ཐོག་སྲུང་གཙི་ཞུས་ཡོད།  ད་ལྟ་ང་འཕོ་འགྲོ་ཡི་ཡོད་པ་མ་གཏོགས་བྱང་ཨ་རིའི་སྤྱི་འཐུས་རྣམ་པ་གཉིས་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་གི་ཐོག་ནས་ཕྱི་ཟླ་ ༡༢ པའི་ཚེས་ ༡༠ ཉིན་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་འཆར་ཡོད། ཅེས་སོགས་གསུངས་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༡/༠༩

Leave a Reply

16 thoughts on “ཨ་རིའི་དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་མཆོག་གི་གསལ་བཤད།

  1. བསྟན་འཛིན་ཟླ་སྒྲོན།

    ང་མ་འོངས་མི་རིགས་སོན་རྩ་ཞིག་ཡིན་དུས་ངས་དེ་རིང་བོད་པའི་སྤྱི་ཚོགས་ནང་ཁྱབ་པའི་གཏམ་གླེང་དེ་གོ་དུས་དངངས་སྐྲག་གིས་གནད་དོན་ངོ་མ་ཤེས་འདོད་བྱུང། མ་ཟད་ད་ལྟ་ཨ་རིའི་དོན་གཅོད་ལས་ཚབ་སྤེན་པ་ཚེ་རིང་མཆོག་གིས་གསུངས་པའི་དོན་ངོ་མ་དང་ཁོང་གི་ལོ་མང་རིང་བོད་གཞུང་ལ་གྲུབ་པའི་ལས་འགན་ཐ་དག་ཀློག་པའི་བརྒྱུད་རིམ་ཁྲོད་ད་ཆ་ང་ཚོའི་མི་རིགས་ཀྱི་ལས་བྱེད་རྙིང་པ་ཞིག་ཕྱིར་འདོན་འགྲོ་དུས་ངོ་མ་སེམས་འཕངས་པོ་ཞིག་བྱུང་གི་འདུག་ལ་ཡིད་ལ་དེ་འདྲ་བའི་ཐག་གཅོད་དེར་བསྒྱུར་བཅོས་བྱེད་རྒྱུའི་བསམ་བློ་ཡོད་པའི་རེ་བ་བྱེད་ཀྱི་ཡོད་ལ་ཁོང་འདྲ་བའི་མི་དེ་ང་ཚོའི་བཙན་བྱོལ་བོད་མི་ནས་ནམ་ཡང་མ་བྲལ་རྒྱུའི་རེ་བ་བྱེད་ཀྱི་ཡོད།