ཨ་རྒྱ་བར་ཨ་སྒོར་ཐེར་འབུམ་ ༢༨༠ ལྷག་གི་ཚོང་འབྲེལ་འཇོག་འཆར་འདུག

ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ཡིས་ཨ་རྒྱ་བར་ཚོང་དོན་སྙོམ་སྒྲིག་མེད་པའི་གནད་དོན་སེལ་ཐབས་སོགས་ཀྱི་དམིགས་ཡུལ་ཆེན་པོ་གསུམ་འཁུར་ཏེ་རྒྱ་ནག་ནང་ཉིན་གྲངས་གསུམ་རིང་རྒྱལ་དོན་སྐོར་སྐྱོད་བྱེད་བཞིན་འདུགརྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཐུག་འཕྲད་ཀྱིས་ཨ་སྒོར་ཐེར་འབུམ་ ༩ ལྷག་གི་ཚོང་འབྲེལ་ཡིག་ཆར་ཕྱོགས་གཉིས་ཀྱིས་མོས་མཐུན་ཐོག་མིང་རྟགས་བརྒྱབས་ཡོད་པ་དང་། སྲིད་འཛིན་ཊི་རུམ་ཕིའི་ཉིན་གསུམ་རིང་གི་རྒྱ་ནག་ནང་གི་སྐོར་སྐྱོད་ལ་དམིགས་གསུམ་ཡོད་པ་ལས། དང་པོ། ཨ་རིའི་ཚོང་དོན་སྙོམ་སྒྲིག གཉིས་པ། རྒྱ་ནག་ལ་བརྟེན་ནས་བྱང་ཀོ་རི་ཡའི་རྡུལ་མཚོན་དཀའ་རྙོག་སེལ་ཐབས། གསུམ་པ། ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་སྲ་བརྟན་ཡོང་ཐབས་བཅས་ཡིན་འདུག

རྒྱ་ནག་གི་སྲིད་བློན་གཞོན་པ་ཝང་ཡཱང་(Wang Yang)གིས་ཨ་སྒོར་ཐེར་འབུམ་ ༩ ལྷག་གི་ཚོང་འབྲེལ་གྲོས་མཐུན་འདི་ནི་མ་འོངས་པར་ཨ་རྒྱ་གཉིས་བར་ཚོང་འབྲེལ་ཆེན་པོ་ཡོང་བའི་སྟ་གོན་ཞིག་ཡིན་པའི་སྐོར་བརྗོད་འདུག་ལ། དེ་རིང་ཡང་ཨ་སྒོར་འཐེར་འབུམ་ ༢༨༠ ལྷག་གི་ཚོང་འབྲེལ་ཡིག་ཆའི་ཐོག་གྲོས་མོལ་གྱིས་མིང་རྟགས་འགོད་འཆར་ཡོད་པ་དང་། ཡིག་ཆ་དེ་དག་ལ་ཕྱོགས་གཉིས་མོས་མཐུན་གྱི་མིང་རྟགས་འགོད་ཐུབ་སོང་བ་ཡིན་ན། ད་ལྟ་བར་ཊི་རུམ་ཕི་ཡིས་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་ལ་སྙོམ་སྒྲིག་ཡོང་གི་མི་འདུག་ཅེས་བརྗོད་ཡོད་པ་ལྟར་གནད་དོན་དེར་ལེགས་བཅོས་བྱུང་བ་ཞིག་ཆགས་ཀྱི་ཡོད་འདུག

བརྒྱུད་ལམ་དུ་ཐོན་པའི་གནས་ཚུལ་ལྟར་ན། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་ཁོངས་སུ་རྡོ་སྣུམ་དང་། སྣུམ་འཁོར། རྒྱ་ནག་གི་སྣུམ་རིགས་དང་རྫས་སྦྱོར་རིགས་ཡོད་པ་མ་ཟད། ཨ་རིའི་མངའ་སྡེ་ཨཱ་ལ་ས་ཀཱ་(Alaska)ནས་ཐོན་པའི་རང་བྱུང་རླངས་རྫས་སྐོར་ལ་ཨ་རྒྱ་གཉིས་ཟུང་འབྲེལ་གྱིས་ཞིབ་འཇུག་བྱ་རྒྱུའང་འཁོད་ཡོད་པ་པ་དང་། དེ་བཞིན། རྒྱ་ནག་གི་ལག་ཐོག་ཁ་པར་བཟོ་གྲྭ་ཆེ་ཤོས་ཞིའོ་མཱི་(Xiaomi)དང་ཝི་ཝོ་(Vivo)གཉིས་ཀྱིས་ཨ་རིའི་ཁ་པར་བཟོ་གྲྭ་ཀུ་ཨོལ་ཀོམ་(Qualcomm)ནས་ཐོན་རྫས་ཉོ་རྒྱུའི་ཐད་གྲོས་བསྡུར་བྱེད་ཀྱི་ཡོད་འདུག

གཞན་ཡང་། ཐེངས་འདིའི་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་གྲོས་མོལ་ཁོངས་རྒྱ་ནག་གི་རྒྱུད་ཅིག་ལམ་གཅིག་གི་ལས་གཞིའི་འགྲོ་གྲོན་རྒྱ་ནག་མི་མང་དངུལ་ཁང་སྡེ་ཚན་ནས་གཏོང་བཞིན་པ་དེར་ཨ་རིའི་ངོས་ནས་རོགས་སྐྱོར་བྱེད་དགོས་པ་དང་། ཨ་རིའི་གནམ་གྲུ་ཆེན་པོ་བྷུ་ཡཱིང་(Boeing)་དང་ཊིལ་ས་ལཱ་(Tesla)སྣུམ་འཁོར་རྒྱ་ནག་ནང་ཚོང་འདྲེན་བྱེད་པར་གྲོས་མོལ་བྱེད་ཀྱི་ཡོད་འདུག

རྒྱ་ནག་གི་དངུལ་རྩིས་རིག་པའི་ཞིབ་དཔྱོད་པ་རང་ལོ་ ༤༢ ཡིན་པ་ཧྥི་ཌན་ཡཱང་(Fei Danyang)ཟེར་བ་ཞིག་གིས། ཊི་རུམ་ཕི་ནི་མི་ཡིད་དབང་འཕྲོག་པ་ཞིག་རེད་ལ། ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་ལས་མི་གཞུང་དྲང་བ་འདུག ཊི་རུམ་ཕི་ནི་ཆབ་སྲིད་པ་ཞིག་མ་རེད། ཁོ་ནི་མི་ང་རྒྱལ་ཅན་དང་གཞུང་དྲང་པོ་ཞིག་ཡིན་སྟབས། གཞན་ལ་གུས་གུས་ཞུམ་ཞུམ་བྱེད་མ་ཤེས་པ་དང་། རང་གིས་ཐག་གཅོད་བྱས་ཟིན་པ་དེ་འགྲིག་བསྡད་ཡོད་པ་རེད་བསམ་མཁན་ཞིག་རེད། ཅེས་དང་། ཡང་དམག་ཟུར་ལི་དུང་ཧྲིན་(Li Dongsheng)ཞེས་པ་ཞིག་གིས། ཊི་རུམ་ཕི་ད་ལྟ་རང་ལོ་ ༧༡ ཡིན་ཡང་བློ་སེམས་མ་ཞུམ་པའི་མི་སྤྱང་གྲུང་ལྡན་ཞིག་ཡིན་པ་མ་ཟད། ཁོ་བོས་གསར་གཏོད་ཀྱི་དཀའ་ཁག་ལ་གདོང་ལེན་བྱེད་ཐུབ་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག

རྒྱ་རིགས་སློབ་མ་ཞིག་གིས། ངས་ཨ་རིའི་དམངས་གཙོ་དེ་ནི་རྒྱུན་ལྡན་གྱི་བྱེད་སྒོ་རྣམ་བཞག་ལྟར་ལག་ལེན་བྱེད་སྡོད་པ་ལས་དམིགས་བསལ་གང་ཡང་མཐོང་གི་མེད། འོན་ཀྱང་ཊི་རུམ་ཕི་ཡིས་སྲིད་གཞུང་བཟུང་རྗེས་སྔར་གྱི་ལམ་སྲོལ་ལས་བརྒལ་ཏེ་དེང་སྐབས་རྒྱ་ནག་གི་ཁ་གཏད་ཆེ་ཤོས་ཤིག་ཆགས་བསྡད་ཡོད་པ་རེད། ཊི་རུམ་ཕི་ནི་དོན་དངོས་ཀྱི་ཚོང་པ་ཞིག་རེད་འདུག རང་ཐག་རང་གིས་གཅོད་ཅིང་རང་གི་རྣམ་དཔྱོད་བེད་སྤྱོད་བྱེད་ཀྱི་འདུག དེ་མིན་སྲིད་འཛིན་ཟུར་པ་ཨོ་བྷ་མ་ནི་རང་གི་སློབ་སྟོན་པས་གང་སྨྲས་པ་དེར་ཤར་སྐྱོད་བྱས་བསྡད་པ་རེད། ཅེས་བརྗོད་འདུག

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོས་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ཡིས་རྒྱ་ནག་ནང་རྒྱལ་དོན་གཟིགས་སྐོར་ཡོང་བ་དེས་རྒྱ་ནག་གི་ཆབ་སྲིད་བཙོན་པ་དང་། ཡང་སྒོས་ལུའོ་ཞོ་པའོ་(Liu Xiaobo)ཡི་ཆུང་མ་ལུའོ་ཞཱ(Liu Xia)ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བའི་རེ་བ་བྱེད་ཀྱི་མེད་སྐོར་བརྗོད་ཡོད་འདུག

སྲིད་འཛིན་ཊི་རུམ་ཕིའི་ཨེ་ཤ་ཡའི་རྒྱལ་ཁབ་ལྔའི་ནང་རྒྱལ་དོན་སྐོར་སྐྱོད་བྱེད་ཀྱི་ཡོད་པ་དང་། ཁོས་ཐོག་མར་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ཀྱི་ནང་སྐོར་སྐྱོད་བྱས་ཡོད་པ་དང་། རྒྱ་ནག་ནང་ཉིན་གྲངས་གསུམ་རིང་སྐོར་སྐྱོད་བྱས་རྗེས་ཝེ་ཊི་ནཱམ་(Vietnam)དང་ཧྥེ་ལི་པིན་(Philippines)གཉིས་ཀྱི་ནང་འགྲོ་རྒྱུ་ཡིན་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༡/༠༩

Leave a Reply