དྷ་སའི་ཨ་མ་ཞིག་ཐུཊ་དམ་དུ་བཞུཊ་འདུག

དྷ་རམ་ས་ལའི་ཨ་མ་པདྨ་དབྱངས་ཅན་ལགས་འདས་གྲོངས་སུ་ཕྱིན་ཏེ་ཉིན་གྲངས་གསུམ་འགྲོ་བཞིན་ཡོད་ཀྱང་ཕུང་པོར་དྲི་མ་མེད་ཅིང་ཁྲག་རྩའི་འཁོར་རྒྱུག་སྔར་བཞིན་འགྲོ་ཡི་ཡོད་པ་དེར་བླ་སྨན་པ་ཚེ་བརྟན་ལགས་ཀྱི་གཙོས་ཆེད་མཁས་སྨན་པ་ཁག་ཅིག་གིས་བརྟག་དཔྱད་གནང་བཞིན་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་༧།༤༥ སྟེང་། དགུང་གྲངས་ ༧༨ ཡིན་པའི་ཨ་མ་པདྨ་དབྱངས་ཅན་ཞུ་བ་ཞིག་རང་ཁྱིམ་དུ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཕྱིས་སུ་སྨན་པ་དང་སྟོབས་ལྡན་ཀརྨ་གྲགས་པ་ལགས་སོགས་ཀྱིས་བརྟག་དཔྱད་གནང་བ་བརྒྱུད། ཨ་མ་པདྨ་དབྱངས་ཅན་ལགས་འདས་གྲོངས་སུ་གྱུར་ཡང་ཁྲག་རྩའི་འཁོར་རྒྱུག་སྔར་བཞིན་གནས་ཏེ་ཐུགས་དམ་དུ་བཞུགས་ཡོད་སྐོར་བརྗོད་ཡོད་སྟབས། བདེ་ལེགས་སྨན་ཁང་གི་བླ་སྨན་པ་ཚེ་བརྟན་ལགས་གཙོས་པའི་ཆེད་མཁས་སྨན་པ་ཁག་ཅིག་གིས་ཕུང་པོར་བརྟག་དཔྱད་གནང་བཞིན་འདུག

འདི་གའི་གསར་འགོད་པས་འབྲེལ་ཡོད་མི་སྣར་བཅར་འདྲི་ཞུས་ཏེ་གནས་ཚུལ་རྒྱུས་ལོན་བྱེད་སྐབས། བདེ་ལེགས་སྨན་ཁང་གི་བླ་སྨན་པ་ཚེ་བརྟན་ལགས་ཀྱིས། སྤྱིར་བཏང་སྨན་པ་ཞིག་གི་ངོས་ནས་མི་ཞིག་འདས་གྲོངས་སུ་ཕྱིན་རྗེས་དབུགས་ཐག་ཆད་པ་དང། སྙིང་གི་འཕར་རྩ་འགག་པ། ཀླད་པའི་ནུས་པ་སོགས་ཉམས་ཏེ་འགུལ་སྐྱོད་གང་ཡང་མེད་པ་ཆགས་འགྲོ་ཡི་ཡོད། ད་ལྟ་ང་ཚོས་འདས་པོའི་་ཀླད་པའི་ཚོར་ཤུགས་ལ་བརྟག་དཔྱད་བྱེད་བཞིན་ཡོད། འོན་ཀྱང་། ཐུགས་དམ་ཟེར་དུས་ཀླད་པའི་ནང་གི་ཤེས་པ་ཕྲ་མོ་དེ་ཤི་མེད་པ་དང་། དེ་ལ་བརྟེན་ནས་ཕྱིའི་ལུས་པོའི་རྣམ་པ་ལ་འགྱུར་བ་འགྲོ་ཡི་མེད་སྟབས། མི་གསོན་པོ་ཞིག་མར་དུ་ཉལ་བསྡད་པ་ལྟ་བུ་ཆགས་ཡོད་དུས། ༧གོང་ས་མཆོག་གི་བཀའ་དགོང་བཞིན་ང་ཚོས་ཨ་རིའི་ཝི་སི་ཁན་སིན་གཙུག་ལག་སློབ་གཉེར་ཁང་(Wisconsin University)དང་ལྷན་དུ་ཐུགས་དམ་སྐོར་ལ་ཉམས་ཞིབ་བྱེད་བཞིན་ཡོད་ལ། ཉམས་ཞིབ་དེའི་ཆེད་འཕྲུལ་ཆས་སོགས་ཨ་རི་ནས་འདིར་སྐྱེལ་འདྲེན་བྱས་ཡོད། རེས་གཟའ་མིག་དམར་ཉིན་ཨ་མ་པདྨ་དབྱངས་ཅན་ལགས་གཤེགས་ཀྱང་། མོའི་གནས་སྟངས་དེ་གསོན་པོ་ནང་བཞིན་བསྡད་ཡོད་པའི་བརྡ་ལན་ང་ལ་འབྱོར་བ་མ་ཟད།  རྩ་འཕར་བ་དང་མཛུབ་རྩེ་བརྒྱུད་སྲོག་རླུང་སོགས་རྒྱུ་ཡི་ཡོད་པ་འཕྲུལ་ཆས་ཀྱིས་ར་འཕྲོད་བྱུང་ཡོད་སྐོར་སོགས་བརྗོད་བྱུང་། དེར་བརྟེན།  ངས་ཉིན་གསུམ་རིང་ཕུང་པོ་བཞག་ན་ག་འདྲ་འདུག་ཅེས་བཤད་པ་ཡིན་ལ། གལ་སྲིད་མུ་མཐུད་གནས་སྟངས་དེ་འདྲའི་ཐོག་གནས་བསྡད་པ་ཡིན་ན་ང་ཚོ་ཞིབ་འཇུག་བྱེད་པར་ཡོང་གི་ཡིན་ཞེས་བཤད་པ་ལྟར།  ང་ཚོ་དེ་རིང་དངོས་སུ་ཞིབ་འཇུག་བྱེད་པར་ཡོང་བ་ཡིན། ཞེས་བརྗོད་བྱུང་།

ཚན་རིག་གིས་ཐུགས་དམ་སྐོར་ལ་ངོས་འཛིན་ཇི་ལྟར་བྱེད་ཀྱི་ཡོད་མེད་དྲིས་པར་ཁོང་གིས། སྤྱིར་བཏང་ང་ཚོས་ད་ལྟ་བྱེད་བཞིན་པའི་ཉམས་ཞིབ་ཡང་དེའི་སྐོར་ཡིན། གཙོ་བོ་སེམས་ཕྲ་མོ་དེ་ལུས་པོའི་ནང་ནས་ཕྱིར་ཐོན་མེད་པ་དེ་རེད།  ཚན་རིག་གི་ཐོག་ནས་དེའི་སྐོར་དམིགས་བསལ་གང་ཡང་ཤེས་ཀྱི་མེད། ང་ཚོ་བོད་པའི་སྤྱི་ཚོགས་ནང་ལོ་ངོ་བརྒྱ་ཕྲག་གོང་ནས་ཐུགས་དམ་ལ་བཞུགས་མཁན་བླ་མ་གྲྭ་བ་ཁོ་ན་མ་ཡིན་པར་སྐྱ་སེར་དབྱེར་མེད་ནང་བྱུང་ཡོད་པ་རེད།  དེའི་སྐོར་ལ་༧གོང་ས་མཆོག་གིས་ཉམས་ཞིབ་བྱ་དགོས་པའི་བཀའ་སློབ་གནང་བ་བཞིན་བོད་ཀྱི་སྨན་རྩིས་ཁང་དང་བདེ་ལེགས་སྨན་ཁང་གཉིས་མཉམ་རུབ་ཐོག་ལས་གཞི་ཞིག་འགྲོ་བཞིན་ཡོད། སྤྱིར་ཐུགས་དམ་ལ་བཞུགས་པའི་མི་ཞིག་ཡིན་ཚེ། ཕྱི་ནས་ལྟ་སྐབས་མི་ཞིག་ཉལ་བསྡད་པ་དང་འདྲ་པོ་ཡོད། དཔེར་ན་༧གོང་ས་མཆོག་གི་ཡོངས་འཛིན་སྐུ་ཐོག་གོང་མ་སྐྱབས་རྗེ་གླིང་རིིན་པོ་ཆེ་མཆོག་ཉིན་གྲངས་ ༡༣ རིང་ཐུགས་དམ་ལ་བཞུགས་པ་རེད། ང་ཚོས་ཁོང་གི་སྐུ་ཕུང་ལ་མཇལ་དུས་ཞལ་རས་ལ་འགྱུར་བ་གང་ཡང་མེད་པར་གཟིམས་ཡོད་པ་ལྟ་བུ་འདུག ཅེས་བརྗོད་བྱུང་།

ཨ་མ་པདྨ་དབྱངས་ཅན་ལགས་ཀྱི་བུ་ཆུང་ཤོས་བསྟན་འཛིན་ཀུན་ཕན་ལགས་ཀྱིས། ད་ལྟ་ཨ་མ་ལགས་འདས་གྲོངས་སུ་ཕྱིན་ནས་ང་རང་སེམས་པ་སྐྱོ་བོ་བྱུང་། ཡིན་ནའང་ཨ་མ་ལགས་སྐུ་འཚོ་བཞུགས་སྐབས། ཡི་གེ་འབྲི་ཀློག་མི་ཤེས་ཀྱང་། ལོ་རྟག་པར་རྡོ་རྗེ་གདན་དུ་ཟླ་བ་བཞིའི་རིང་ཕྱག་འཚལ་མཆོད་འབུལ་བྱེད་པར་འགྲོ་ཡི་ཡོད་པ་མ་ཟད།  ངས་དྷ་རམ་ས་ལའི་མི་གཞན་བརྒྱུད་གོ་ཐོས་བྱུང་བ་ལྟར་ན། ང་རང་གི་ཨ་མས་ནམ་རྒྱུན་གཞན་ལ་རོགས་པ་དང་། ཕན་ཐོགས་ཡོད་པའི་ཕྱག་ལས་གནང་གི་ཡོད་འདུག  ངའི་ཕུ་བོ་གཉིས་གྲྭ་བ་ཡིན་ལ་གཅིག་དགེ་བཤེས་ཐོན་པ་རེད། ཨ་མས་ནམ་རྒྱུན་ཁོང་གཉིས་ལ་ལམ་སྟོན་དང་ཕྱག་འཚལ་མཆོད་འབུལ་གྲངས་མེད་ཞུ་ཡི་ཡོད་པ་རེད། ང་རང་ཆུང་ཆུང་ཡིན་དུས། ཨ་མ་ལགས་ཀྱིས་ངའི་བུ་ས་ཕྱོགས་གང་དུ་ཕྱིན་ཡང་། ༧རྒྱལ་བ་རིན་པོ་ཆེ་མཆོག་ལ་ཞབས་ཞུ་བསྒྲུབ་ཐུབ་པར་ཤོག མི་ཚང་མ་ལ་ཕན་ཐོགས་པར་ཤོག་ཅེས་སྨོན་ལམ་བརྒྱབས་པ་ད་ལྟའང་དྲན་གྱི་འདུག ལོ་གཉིས་ཀྱི་སྔོན་ལ་ང་རང་ཨ་མ་ལགས་དང་མཉམ་དུ་གནས་མཆོག་རྡོ་རྗེ་གདན་ལ་ཕྱིན་ཡིན། སྐབས་དེར་ངའི་ཨ་མ་ལགས་ཀྱིས་བརྩེ་བ་ཆེན་པོས་རྒྱ་གར་སློང་མོ་བ་ཚོར་དངུལ་སོགས་སྤྲད་པའི་རྒྱུ་མཚན་དེ། ད་ལྟ་ངས་གཞི་ནས་མགོ་འཚོས་སོང་།  ངའི་ཨ་མ་ལགས་ཀྱི་ཕྱག་ལས་གནང་སྟངས་དེ་མི་གཞན་ལ་སེམས་པ་བཟང་པོ་དང་ཕན་ཐོགས་གནང་རྒྱུ་དེ་རེད་འདུག  ན་ནིང་ངའི་ཕུ་བོ་དགེ་བཤེས་ཐོན་པ་དང་། ཨ་མས་ངེད་ཚང་ལ་རྒྱུ་དངོས་ཉུང་ཤས་ཡོད་པ་དེ་ང་ཚོར་བགོ་བཤའ་བརྒྱབས་རྗེས། ཨ་མས་ངའི་འོས་འགན་ཚང་མ་འགྲུབ་སོང་ཞེས་གསུངས་སོང་། དེ་ནས་ད་ལོའི་ལོ་མགོར་ཨ་མས་ཨུ་ཚུགས་བརྒྱབས་ཏེ་བལ་ཡུལ་ལ་གནས་མཇལ་དུ་ཕྱིན་པ་དང་། དེའི་རྗེས་ཨ་མས་མོ་རང་གི་ངོ་ཤེས་པ་ཚོར། ད་ནི་ང་རང་ཤི་ཡང་འགྱོད་པ་གང་ཡང་མེད་ཅེས་གསུངས་འདུག  ལས་ཀ་ཆེ་ཆུང་གང་ཡིན་ཡང་ངའི་ཨ་མ་སེམས་ཐག་ཆོད་པོ་ཞིག་ཡིན། ཞེས་བརྗོད་བྱུང་།

ཨ་མ་པདྨ་དབྱངས་ཅན་ལགས་ནི་ད་ལྟ་དགུང་ལོ་ ༧༨ དང་ཕ་ཡུལ་གཙང་ནས་ཡིན་ཞིང་། མོར་བུ་དང་བུ་མོ་  ༩ ཡོད་པ་དང་། རྒྱ་གར་ནང་དང་ཕྱི་རྒྱལ་གྱི་ཡུལ་ལུང་ཁག་ནས་བུ་དང་བུ་མོ་ ༨ ཨ་མ་ལགས་ཀྱི་འདས་མཆོད་དུ་འཛོམས་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༡/༡༠

Leave a Reply