སྐུ་དྲག་གསར་པའི་རུལ་སུངས་ཀྱི་གཟུགས་བརྙན་ཕྱིར་མངོན་པ།

ཨ་ཇོ་བསོད་ནམས་སྟོབས་རྒྱལ།

ཉེ་ཆར་བཀའ་ཤག་གིས་གློ་བུར་དུ་ཨ་རིའི་དོན་གཅོད་གསར་པ་བསྐོ་གཞག་བྱས་པའི་བཀའ་རྒྱ་ཞིག་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གསལ་བསྒྲགས་སྤེལ། དོན་གཅོད་ལས་ཐོགས་པ་འཕོ་འགྱུར་ཇི་ལྟར་བྱུང་བའི་རྒྱུད་རིམ་རྣམས་གསང་བ་ཆེ་མདོག་གིས་ཚིག་གཅིག་མ་བཤད་པ་རེད། གསར་འགོད་པ་ཚང་མ་བཀའ་ཤག་གི་སྒོ་འགྲམ་དུ་རུབ་ནས་སྲིད་སྐྱོང་དང་། འབྲེལ་ཡོད་བཀའ་བློན་གཞན་ཁག བཀའ་དྲུང་སོགས་ལ་བཀའ་འདྲི་ག་ཚོད་ཞུས་ཀྱང་བཀའ་ལན་མ་གནང་བར་དེ་ལས་ཀྱང་གསང་བ་ཆེ་མདོག་བྱས་པ་རེད། ནང་དོན་གང་ཞིག་ཡིན་མིན་ལ་མ་ལྟོས་པར་མཐོ་རིམ་ལས་གནས་འཕོ་འགྱུར་གཏོང་སྟངས་ཀྱི་རྣམ་འགྱུར་འདིར་གཞིགས་ན་ནང་ཁུལ་དབང་ཆའི་འཐབ་རྩོད་ཆེན་པོ་ཞིག་འགྲོ་གི་ཡོད་པ་གསལ་པོ་རེད། རྒྱུད་རིམ་འདིའི་ངོ་གདོང་ལ་ལྟ་སྐབས་གསར་འགོད་པའི་པར་ཆས་ཀྱི་མདུན་དུ་མངོན་པ་ནི་བྱང་ཀོ་རི་ཡའི་མཐོ་རིམ་དཔོན་རིགས་བསྐོ་འཐེན་བྱེད་སྟངས་དང་། རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཁག་གི་དབང་ཆའི་འཐབ་རྩོད་ཀྱི་རྣམ་འགྱུར་དང་ཕྱོགས་ཀུན་ནས་མཚུངས་པའི་གཟུགས་བརྙན་ཞིག་ཤར་བ་རེད། སྐྱབས་བཅོལ་བའི་སྤྱི་ཚོགས་གཞན་ལ་མེད་པའི་དབུ་ཁྲིད་ཅིག་གི་ངལ་རྩོལ་དང་། གཞིས་ལུས་མི་དམངས་མང་པོའི་ཚེ་སྲོག་ལས་གྲུབ་པའི་སྐྱབས་བཅོལ་བའི་སྤྱི་ཚོགས་སྐྱིད་པོ་འདིའི་ནང་། རུལ་སུངས་ཀྱི་དྲི་ངན་འདི་འདྲ་ཁྱབ་ཡོང་གི་ཡོད་ན་བོད་མི་རིགས་ཀྱི་རྩ་དོན་ཟེར་བ་དེ་ཚོ་མཐོ་རིམ་དཔོན་རིགས་ཀྱི་མ་རྩར་གྱུར་ཟིན་པ་གསལ་པོ་རེད། གནས་ཚུལ་འདིས་རྐྱེན་བྱས་ཏེ་སླར་ཡང་ང་ཚོའི་སྤྱི་ཚོགས་ཟང་ཟིང་དུ་གྱུར་ཅིང་། མཐོ་རིམ་སྐུ་དྲག་གསར་པའི་དཔོན་རིགས་ཚོས་ཆིག་སྒྲིལ་ཁ་ན་ན་བཤད་པ་དེ་ཚོའི་གདོང་རིས་དམར་རྗེན་དུ་ཐོན་པ་རེད།

སྲིད་སྐྱོང་སྐབས་གཉིས་པའི་བཀའ་ཤག་གི་ལས་ཡུན་འགོ་ཚུགས་པ་དང་ལྷན་དུ་མཐོ་རིམ་དཔོན་རིགས་ཀྱི་ཞབས་སྟེགས་ལ་འཕོ་འགྱུར་འགྲོ་འགོ་ཚུགས། བཀའ་བློན་དང་དོན་གཅོད་སོགས་གསར་བསྐོ་བྱེད་པ་དེ་ནི་སྲིད་གཞུང་གསར་པའི་འགྲོ་སྟངས་རེད། ཨ་རིའི་དོན་གཅོད་དང་ལྡི་ལི་དོན་གཅོད་སོགས་གནད་ཡོད་ཀྱི་དོན་ཁང་གང་ཞིག་ཡིན་ནའང་༸གོང་ས་སྐྱབས་མགོན་ཆེན་པོའི་མཚན་གནས་བེད་སྤྱོད་མ་བྱས་ན་ནུས་མེད་དམ་གནས་ཡུལ་རྒྱལ་ཁབ་ཀྱིས་ངོས་ལེན་བྱེད་མ་ཐུབ་པའི་གནས་སྟངས་ཤིག་ཏུ་འགྱུར་འགྲོ་གི་ཡོད་པ་རེད། བོད་གཞུང་གི་དོན་ཁང་གང་ཞིག་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་གཡར་པོ་ངེས་པར་དུ་ཞུ་དགོས་ན་དེར་༸གོང་ས་མཆོག་ནས་དགོངས་བཞེས་ངེས་པར་གནང་གི་ཡོད་ནའང་༸གོང་ས་ཆེན་པོའི་མཚན་གནས་བེད་སྤྱོད་ཀྱི་བདག་ཐོབ་སྤྲོད་སའི་གང་ཟག་དེས་མཚན་གནས་གང་བྱུང་དུ་བེད་སྤྱོད་བཏང་ནས་མཚན་ཤས་བཟོས་ན་དེ་དག་༸གོང་ས་ཆེན་པོའི་མཚན་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་པས་ངེས་པར་དུ་གཟབ་ནན་གནང་དགོས་ཀྱི་ཡོད་པ་རེད། བཀའ་ཤག་སྐབས་སྔོན་མའི་ཨ་རིའི་དོན་གཅོད་སྐལ་རྡོར་གྱིས་༸གོང་ས་ཆེན་པོའི་མཚན་གནས་གང་བྱུང་བེད་སྤྱོད་བཏང་ནས་སྤྱི་ཚོགས་ནང་མཐོང་ཕྱོགས་བཟོས་པ་གསལ་པོར་གྱུར་པས་༸གོང་ས་མཆོག་ནས་ཀྱང་བཀའ་ཕེབས་དགོས་པ་དེ་འདྲ་བྱུང་བ་རེད། དེར་བརྟེན་བཀའ་ཤག་འཕོ་འགྱུར་གྱི་མཚམས་དེར་དོན་གཅོད་ཁག་ཀྱང་འཕོ་འགྱུར་གཏོང་གི་ཡོད་སྟབས་དགའ་ལྡན་ཕོ་བྲང་ནས་དེར་ཐུགས་སྣང་མ་གནང་ཐབས་མེད་བྱུང་བ་རེད།

ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་དེ་སྔོན་ནས་ཨ་རིའི་དོན་གཅོད་ལ་ཐེངས་གཅིག་བསྐོས་ཟིན་པ་རེད། དེ་ནི་ཁོང་རང་གིས་བཀའ་བློན་ལས་ཡུན་རྫོགས་རྗེས་ཨ་རིའི་དོན་གཅོད་ཡིན་སྐོར་ལས་ཁུངས་ནང་བཤད་ནས་ལས་ཁུངས་ནས་ཁོང་ཕེབས་སྐྱེལ་གྱི་གསོལ་སྟོན་ཡང་བཤམས་ཟིན་པ་རེད། དེའི་སྐབས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མས་ཀྱང་རང་ཉིད་ལྡི་ལི་དོན་གཅོད་ཡིན་ཟེར་ནས་ནང་ཆས་འགའ་ཤས་ཀྱང་ལྡི་ལི་དོན་གཅོད་ལ་བཏང་ཟིན་པ་ལྡི་དོན་ལས་བྱེད་མང་པོས་ཤེས་ཀྱི་ཡོད་པ་རེད། དངོས་གྲུབ་ཚེ་རིང་དང་རྒྱ་རི་སྒྲོལ་མ་གཉིས་ནི་སྲིད་སྐྱོང་བློ་སེང་གི་འོས་ཤོག་ལ་རྒྱབ་སྐྱོར་བྱེད་མཁན་འོས་བསྡུའི་གར་སྟེགས་ཐོག་དངོས་སུ་འཐོན་མཁན་གྱི་མཐོ་རིམ་མི་སྣ་གཉིས་རེད། ཁོང་གཉིས་ལ་དོན་ཁང་རེ་རེའི་ཞབས་སྟེབས་ཕུལ་བ་དེ་ནི་ཆབ་སྲིད་ཀྱི་འཁྲབ་ཚན་ཞིག་ཡིན་པས་དེའི་ཐད་དགའ་ལྡན་ཕོ་བྲང་འགན་འཛིན་ལྷན་ཚོགས་ནས་ཐུགས་གནང་མ་གནང་ཐབས་མེད་དུ་གྱུར་པ་གསལ་པོ་རེད། དེས་ན་སྲིད་སྐྱོང་ལ་གདམས་ཀ་གཉིས་ཡོད་པ་རེད། གཅིག དགའ་ལྡན་ཕོ་བྲང་ལ་གོ་བསྡུར་མི་དགོས་པར་རང་འདོད་ལྟར་སྲིད་སྐྱོང་གི་སྐུ་དབང་ཐོག་ནས་གོང་གསལ་གནད་ཡོད་དོན་ཁང་གཉིས་ལ་རང་གི་ཕྱོགས་གཏོགས་མི་སྣ་ཐད་བསྐོས་བྱེད་དགོས་ན་༸གོང་ས་ཆེན་པོའི་མཚན་གནས་མི་དགོས་པར་རང་རྐྱ་འཕེར་བ་དགོས་ཤིང་། གལ་ཏེ་༸གོང་ས་མཆོག་གི་མཚན་གནས་གཡར་པོ་ཞུ་དགོས་ན་དགའ་ལྡན་ཕོ་བྲང་ལ་གོ་བསྡུར་ངེས་པར་དགོས་པ་རེད། བཀའ་ཤག་གིས་དང་པོ་༸གོང་ས་མཆོག་གི་མཚན་གནས་མི་དགོས་པར་རང་རྐྱ་ཐུབ་པའི་དོན་གཅོད་ཁང་ཞིག་འཛུགས་ཐབས་ལ་ཚོད་ལྟ་བྱས་པ་རེད། དེ་མཚམས་དགའ་ལྡན་ཕོ་བྲང་ནས་ཨ་རི་དང་། ཡོ་རོབ། ལྡི་ལི་བཅས་སོ་སོར་སྐུ་ཚབ་ལོགས་སུ་བསྐོ་རྒྱུའི་སྐད་ཆ་བྱུང་མཚམས་སུ་ས་གནས་སོ་སོའི་གཞུང་སྒེར་གྱི་མཐོ་རིམ་སྒྲིགས་འཛུགས་དང་མི་སྒེར་ཚང་མས་དེར་ཐུགས་སྣང་གནང་པར་བརྟེན་གཞུང་གི་དོན་གཅོད་རང་རྐྱ་འཕེར་ཐབས་མེད་པ་གསལ་པོ་ཆགས་མཚམས་ལྡི་ལི་དང་ཨ་རིའི་དོན་གཅོད་གསར་བསྐོའི་བཀའ་རྒྱ་ཕྱིར་བསྡུ་བྱས་ཏེ་གཞི་ནས་དགའ་ལྡན་ཕོ་བྲང་ལ་གོ་བསྡུར་ཞུས་པ་རེད། དགའ་ལྡན་ཕོ་བྲང་དང་གོ་བསྡུར་རིམ་པར་བྱས་མཐར་ལྡི་ལི་དོན་གཅོད་དུ་བདེ་སྲུང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་དང་། ཨ་རིའི་དོན་གཅོད་ལ་ཚོགས་ཟུར་སྤེན་པ་ཚེ་རིང་གཉིས་ཐུན་མོང་ཐག་གཅོད་ཀྱིས་བསྐོས་པ་རེད།

བཙན་བྱོལ་བོད་མིའི་མཐོ་རིམ་སྐུ་དྲག་གསར་པ་ཚོས་ཨ་རི་སྟོབས་ཆེན་རྒྱལ་ཁབ་དེ་བཞིན་རང་ཉིད་ཀྱི་ནང་མི་དང་བཅས་པའི་ཕུགས་བསམ་གྱི་གཏན་གཞིའི་ས་ཁུལ་ཞིག་ཏུ་བཟོོ་རྩིས་ཡོད་ན་རང་གི་ལས་ཡུན་ནང་དེ་དང་འབྲེལ་བའི་མཐོ་རིམ་རྐུབ་སྟེགས་སྟེང་དུ་རང་རང་སོ་སོའི་གདོང་བསྐྱོད་དམག་དཔོན་རེ་འཇོག་དགོས་པ་རུལ་སུངས་ཀྱི་དགོས་མཁོ་གལ་ཆེ་ཤོས་ཤིག་རེད། སྲིད་སྐྱོང་གིས་རང་ཉིད་ཀྱི་བསམ་འདུན་འགྲུབ་ཕྱིར་བར་སྐབས་ནས་སྲིད་སྟེགས་ཀྱི་འཁྲབ་ཚན་མང་དག་ཅིག་འཁྲབ་ཡོད་པའི་སྐད་ཆ་གོ་རྒྱུ་ཡོད། ཕྱོགས་གཅིག་ནས་གལ་ཆེའི་མི་སྣ་གཞན་ཞིག་གིས་སྣེ་ཁྲིད་དང་སློབ་སྟོན་འོག་དགའ་ལྡན་ཕོ་བྲང་དང་༸གོང་ས་ཆེན་པོར་མཚན་སྨད་དང་ཟུར་ཟ་བྱེད་མཁན་གྱི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ནས་ལས་འགུལ་སྤེལ་བ་དང་། རང་ཉིད་ཀྱིས་སྣེ་འཁྲིད་པའི་དཔུང་ཁག་གཞན་ཞིག་མདུན་དུ་ཐོན་ནས་དེ་དག་ལ་འགོག་རྒོལ་བྱེད་ཁུལ་བྱས་ནས་དགའ་ལྡན་ཕོ་བྲང་དང་༸གོང་ས་ཆེན་པོའི་མཚན་མཐོང་གཟིགས་པ་ཐོབ་ཐབས་གནང་གི་ཡོད་སྐོར་ཤོད་ཀྱི་ཡོད་པ་རེད། འདི་ནི་མཐོ་རིམ་སྤྱི་ཚོགས་ནང་ཁྱབ་བཞིན་པའི་སྐད་ཆའི་གཟུགས་བརྙན་ཞིག་རེད། དེ་ལྟར་ན་སྲིད་སྐྱོང་གི་ཞི་དྲག་གཉིས་ཀྱི་དཔུང་ཁག་སོ་སོའི་ནུས་སྟོབས་ཀྱི་གཟིལ་ཤུགས་དེས་དགའ་ལྡན་ཕོ་བྲང་གི་སྐུ་ངོ་རྣམ་པ་ཉམ་ཆུང་དུ་གྱུར་པ་འདྲ། དཔེར་ན་ཉེ་ཆར་གྲོས་ཚོགས་ནང་བཀའ་བརྒྱུད་སྤྱི་འཐུས་ཀྱིས་དགའ་ལྡན་ཕོ་བྲང་ལ་རྙོན་འཛུགས་བྱས་པ་དང་། སྲིད་སྐྱོང་གིས་དགའ་ལྡན་ཕོ་བྲང་ལ་ཞལ་པར་ཕུལ་བ་ལྟ་བུ་ནི་འཁྲབ་ཚན་དེའི་ཆ་ཤས་ཡིན་སྲིད།

དཔལ་ལྡན་སྲིད་སྐྱོང་མཆོག་གིས་ད་བར་གྱི་ལོ་གཅིག་དང་ཟླ་བ་ཁ་ཤས་ཀྱི་ནང་ཐབས་ཤེས་སྣ་དགུ་བེད་སྤྱད་ནས་༸གོང་ས་མཆོག་གི་གཟིགས་པ་ཐོབ་པ་དེ་ཚོར་བརྟེན་ནས་ལམ་སེང་ཨ་རིའི་དོན་གཅོད་འཕོ་འགྱུར་གཏོང་རྒྱུར་བེད་སྤྱོད་བཏང་བ་རེད། ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་མི་ཡག་སྡུག་ག་རེ་ཡིན་པ་དང་། ཁོ་པ་ངེས་པར་དུ་ཨ་རིའི་དོན་གཅོད་ལ་འཇོག་དགོས་མིན་སོགས་ནི་སྐབས་འདིའི་གླེང་བྱ་མིན། འདིར་གླེང་བར་བྱ་བ་ནི་འཆི་གསོན་གྱི་ས་མཚམས་སུ་སླེབས་ཟིན་པའི་སྐྱབས་བཅོལ་བའི་སྤྱི་ཚོགས་ཤིག་གི་དབང་ཆ་འཐབ་རྩོད་ཀྱི་རུལ་སུངས་གསལ་བཏོན་བྱེད་རྒྱུ་དེ་ཡིན། ཨ་རིའི་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་ཐད་འདི་ཟླའི་ཚེས་དགུ་ཉིན་བཀའ་ཤག་ནས་གསལ་བཤད་ཅིག་གནང་ཡོད་ཀྱང་དེས་གསལ་པོ་གང་ཡང་ཆགས་ཐུབ་མེད་པ་རེད། ད་སྔ་དུས་འཁོར་དབང་ཆེན་གྱི་གླེང་སློང་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་དོན་གནད་ལས་གཡོལ་ཕྱིར་ཕྱོགས་ཕེབས་གནང་བ་བཞིན། ད་ཐེངས་སླར་ཡང་ཕྱོགས་ཕེབས་གནང་བ་དང། ཁོང་གི་གདོང་བསྐྱོད་དམག་དཔོན་གཉིས་པ་ཆོས་རིག་བཀའ་བློན་གྱིས་བསྐྱར་དུ་སྲིད་ཚབ་གནང་བ་རེད། དོན་གནད་གང་སར་མིག་ཆུ་བཏང་ནས་གཞན་གྱི་སྙིང་རྗེ་དང་བྱམས་སྐྱོང་འཐོབ་ཐབས་བྱས་ཏེ་རང་དོན་སྒྲུབ་མཁན་གྱི་མཐོ་རིམ་མི་སྣ་ང་ཚོའི་སྤྱི་ཚོགས་ནང་ཉུང་ཉུང་མིན་པ་ལྟར་ཁོང་ཡང་དེའི་ཁྲོད་ཀྱི་གཅིག་རེད། ད་རེས་ཀྱང་བཀའ་བློན་མཆོག་གི་རྣམ་འགྱུར་སྐྱོ་པོ་ཞིག་བསྟན་ནས་བྱ་སྤུ་གནོན་གྱི་སྒྲིག་འཛུགས་འགྲོ་སྟངས་ཤིག་བཤད་ནས་ཁུངས་འཁྱོལ་ཐབས་ཙམ་བྱས་པ་དེས་མང་ཚོགས་ནང་ཟང་ཟིང་དུ་མི་འགྱུར་བར་ཁྲིད་སྟོན་གང་ཡང་གནང་ཐུབ་མེད་པ་མ་ཟད། ད་དུང་དེ་ལས་ལྷག་པའི་གོ་འཛོལ་ཡོང་གཞིའི་སྒོ་འཕར་ཕྱེས་ཡོད་པ་རེད། འདི་ལྟར་གཞིས་ལུས་བོད་མིའི་ཚེ་སྲོག་མ་རྩར་བཞག་པའི་ཆབ་སྲིད་ཀྱི་གར་སྟེགས་སྟེང་གི་དབང་ཆ་འཐབ་རྩོད་ཀྱི་སྐྱོ་གར་འདིའི་ཁྲོད་དུ་མཐོ་རིམ་སྐུ་དྲག་གསར་པའི་དཔོན་རིགས་ཀྱི་ཡ་ང་བའི་རུལ་སུངས་མངོན་གསལ་དུ་ཐོན་ཡོད།། །།

བསྐྱར་བཅོས།: ༢༠༡༧/༡༡/༡༠

Leave a Reply

25 thoughts on “སྐུ་དྲག་གསར་པའི་རུལ་སུངས་ཀྱི་གཟུགས་བརྙན་ཕྱིར་མངོན་པ།

  1. གཞན་ལ་ཕན་མ་ཐོགས་ཀྱང་གནོད་པ་མ་བྱེད་ཅིག
    སོ་སོའི་གཞུང་དང་དབུ་འཁྲིད་ལ་ཕན་མ་ཐོགས་ཀྱང་གནོད་པ་མ་བྱེད་ཅིག
    སྲང་ལམ་གྱི་ཁྱི་རྒན་ནང་བཞིན་མ་བྱེད་པར་རིག་པ་སྒྲིམ།
    དོན་དངོས་དཔྱད་པ་མ་ཐལ་བ་བགྱིས་ཤིག་ཨང།

  2. གངས་དཀར་སྨན་ཤོད།

    དམར་པོའི་སྲིད་གཞུང་ཡིན་ན་མ་གཏོགས་གོ་ལ་འདིའི་ནང་འཕོ་འགྱུར་མེད་པའི་ལས་གནས་དང་གཞུང་ཞིག་ག་ན་འདུག ཨ་ཇོ་བསོད་ནམས་སྟོབས་རྒྱལ་ཟེར་བ་འདིས་སྲང་ལམ་གྱི་ཚིག་འཁྱམ་ཁ་ཤས་འཁྱེར་ཡོང་ནས་དཔྱད་བརྗོད་ཡིན་མདོག་གིས་སྤྱི་ཚོགས་དཀྲུག་གང་ཐུབ་བྱས་འདུག སྤེན་པ་ཚེ་རིང་གིས་སྲིད་སྐྱོང་གི་དགོངས་པ་ལྟར་ལས་དོན་མི་སྒྲུབ་པ་དང་བཀའ་ལ་མ་བརྩི་བཞིན་དུ་དེ་མུར་སྣང་མེད་བསྐྱུར་འཇོག་གིས་སྲིད་སྐྱོང་རང་ཉིད་གཙང་མ་དང་སྤྱི་ཚོགས་ནང་ལབ་གླེང་མི་ཡོང་བ་ཞིག་བྱེད་ཐུབ་ཀྱང་། དེ་ལྟར་བྱས་མེད། འགོ་ཁྲིད་སུ་དང་སུ་ཡིན་རུང་རང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ལས་རོགས་དགོས་པ་རེད། དེ་སྔ་ཟམ་གདོང་བླ་མས་བཀའ་ཁྲི་གནང་སྐབས་ཀྱང་རང་ལ་ལགས་སོ་ཞུ་མཁན་གྱི་བཀའ་བློན་ཤ་སྟག་བདམས་ཡོད། མ་རེད་པས།

  3. ཨ་ཧོ། མི་ལ་བཟང་སྤྱོད་དང་། ངོ་ཚ། ཁྲེལ་གཞུང་མེད་ན་རྫུན་གཅིག་རྗེས་གཉིས་མཐུད་ཡོང་ངེས་རེད། བློ་སེང་ཡང་གཞི་རྩའི་མི་ཆུང་ཆུང་ཞིག་རེད། ཁོ་མི་ཆེན་པོ་བསམ་བློ་ཆེན་པོ་ཡོད་མཁན་དེ་འདྲ་མ་རེད། ད་དུང་ང་ཚོའི་སྤྱི་ཚོགས་ནང་ཆོལ་ཁའི་འཐེན་ཁྱེར་ཡོང་ཉེན་འདུག འདི་མདོ་དབུས་ཁམས་གསུམ་གྱི་རྙོག་དྲ་རྩ་བ་ནས་མ་རེད། བློ་སེང་རང་གི་ཨ་ཕྲུག་འདི་ག་རྒྱ་གར་དང་ཨ་རི་ལ་ཡོད་སྲིད། ཡིན་ན་ཡང་ད་ལན་གནས་ཚུལ་འདི་སྐབས་འཚོལ་རིང་ལུགས་ཀྱི་འཁྲབ་སྟོན་ཞིག་རེད། སྐབས་འཚོལ་བ་བློ་སེང་གི་བྱ་ངན་ལ་གསར་འགོད་གསལ་བསྒྲགས་གནང་མཁན་བཀའ་བློན་ཀ་དགེ་གཡུ་ཐོག་དང་། ཨ་རི་སྤེན་ཚེ་ལགས་ཀྱི་ངོ་ཚབ་འགྲོ་མི་དངོས་གྲུབ་ཚེ་རིང་གི་འཁྲུངས་ཡུལ་སྐྱེས་ཁུངས་ལས་ཤེས་ཐུབ། ད་དུང་ལོ་གཞོན་པའི་ཁོངས་སུ་སྲིད་སྐྱོང་གི་ཤ་རྡོག་ལ་རེ་འགུག་བྱས་ཏེ་བསྡད་མཁན་མང་པོ་འདུག

  4. འདམ་སྐྱེས།

    ཨ་རིའི་དོན་གཅོད་འཕོ་འགྱུར་སྐོར་འདས་པའི་བཙན་བྱོལ་བའི་དོན་གཅོད་གཅིག་དང་མ་འདྲ་བའི་དྲི་བ་དང་དོགས་གཅོད་གསལ་བཤད་སོགས་ལ་བསམ་གཞིགས་སྐབས། བཙན་བྱོལ་བོད་རིགས་ནང་ཁུལ་དྲང་བདེན་དང་དངོས་ཡོད་མ་ཡིན་པ་ཡིན་ཁུལ་གྱིས་རྒྱལ་སྤྱིའི་ནང་དགྲ་དགའ་གཉེན་སྡུག་གི་ཡིག་འཆར་སྤེལ་དང་སྤེལ་བཞིན་པ་ཁག་ལ་རང་རིགས་ཚང་མས་ཐུགས་སྣང་ཆེ་ཙམ་གནང་གལ་ཆེ་བའི་འབོད་སྐུལ་ཞུ་རྒྱུ་མ་ཟད། མི་བདེན་རྫུན་སྒྲིག་འདི་བཞིན་བོད་རིགས་ནང་ཁུལ་ལ་མ་ཡིན་པར་བོད་བསྟན་སྲིད་མི་རིགས་དང་བཅས་པ་བཙན་་གྱིས་འཕྲོག་མཁན་དག་ལ་རིག་པ་འདོན་ན་ཅི་མ་རུང་། ཡིག་འཆར་སྤེལ་མཁན་ཁག་ཕ་རོལ་པོ་མིན་ཚེ་བྱ་ཕྱོགས་འདི་དག་མཐོང་སྐབས་ད་བོད་རིག་རྣམས་ཀྱི་བསོད་ནམ་ནི་འཆི་ལ་ཉེ་བའི་མར་མེ་ལྟར་བཟོ་བཞིན་པ་ལྟ་བུ་དང་། དངོས་འབྲེལ་བྱས་ན་དོན་གཅོད་འཕོ་འགྱུར་དབང་ཚད་ཅན་གྱིས་གནང་བ་ཞིག་ལས་དམིགས་བསལ་གང་ཡང་མ་མཐོང་ཞིང་ཁོ་པ་གཞུང་ཞིག་ཡིན་ན་ལས་ངོར་བསྐོད་སྒྲིག་དགོས་པ་ལས་དེ་མིན་ལ་བྱ་ལམ་མེད་པ་མངོན་གསལ་རེད། ང་ཚོས་༧གོང་ས་ཆེན་པོ་ཞལ་བཞུགས་བཞིན་པའི་སྐལ་བཟང་གི་དུས་འདིར་འདི་བཞིན་བྱ་སྤྱོད་གནང་ན་འགྲིགས་མིན་རང་རིགས་ཡོངས་ནས་དཔྱད་པ་གནང་གལ་ཆེ་བར་སྙིང་ནས་གསལ་འདེབས་ཞུ།།