ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༠ འཁོར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དེང་སྐབས་ལྷ་ནི་བོད་པའི་སྤྱི་ཚོགས་ནང་རྒན་གཞོན་གཉིས་ཀར་ཞབས་ཞུ་སྒྲུབ་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་གལ་ཆེན་ཞིག་དང་དངོས་ཡོད་ཀྱི་རོགས་རམ་བྱེད་ཐུབ་པ་བརྒྱུད་བོད་ཀྱི་གནས་དོན་དང་བོད་མིའི་སྐོར་གོ་རྟོགས་ཁྱབ་སྤེལ་གཏོང་བཞིན་ཡོད་སྐོར་བསྔགས་བརྗོད་གནང་། 
 
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་བཞུགས་སྒར་དྷ་རམ་ས་ལའི་བོད་ཀྱི་ཟློས་གར་ཚོགས་ཁང་དུ། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དབུ་བརྙེས་ནས་ལོ་ངོ་ ༢༠ འཁོར་བའི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ངག་དབང་རབ་རྒྱས་མཆོག་གི་གཙོས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་དང་། དྷ་སའི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་དང་སྐུ་ཚབ། དེ་བཞིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་དབུ་ལས་སློབ་ཕྲུག་རྣམས་དང་། དྷ་ས་ཁུལ་གྱི་བོད་མི་དང་ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་ ༣༠༠ ལྷག་འཛོམས་འདུག་པ་དང་།  མཛད་སྒོའི་ཐོག་ལྷ་ཐོག་མར་འཛུགས་མཁན་གྱི་གྲས་སྐུ་ཞབས་ནེལ་གྷུ་ཌ་རེ་ལགས་ཀྱི་གཙོས་ད་ཡོད་ལས་བྱེད་དང་དྭང་བླངས་བ་ཁག་ཅིག་ལ་གསོལ་རས་དང་ཕྱག་འཁྱེར་བཅས་གནང་སོང་། 
 
ཐོག་མར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་ངག་དབང་རབ་རྒྱས་ལགས་ཀྱིས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལོ་ངོ་ ༢༠ ཡི་ལས་བསྡོམས་མདོར་བསྡུས་སྙན་ཐོ་སྙན་སྒྲོན་གནང་བ་ལྟར་ན། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་ནི་ཕྱི་ལོ་༡༩༩༧ ལོར་ཐོག་མར་ཨ་རིའི་མངའ་སྡེ་ལུའུ་སི་ཡ་ན་རུ་འགོ་འཛུགས་ཀྱིས་ལུའུ་སུ་ཡ་ན་ཧི་མ་ལ་ཡའི་ཚོགས་པ་(Louisiana Himalaya Association)ཞེས་མིང་བཏགས་ཡོད་པ་དང་། ཕྱི་ལོ་༡༩༩༨ ལོར་བོད་མི་བྱམས་པ་ཚེ་རིང་ལགས་དང་ཨ་རི་བ་ནེལ་གྷུ་ཌུ་རེ་ལགས་རྣམ་གཉིས་ཀྱི་གཙོས་བོད་ནས་གསར་དུ་ཕེབས་མཁན་གཞོན་སྐྱེས་འགའ་མཉམ་འབྲེལ་གྱིས་རྒྱ་གར་ནང་བཙུགས་ཏེ། དབྱིན་ཡིག་གི་ཚོགས་མིང་བསྡུས་ཏེ་བོད་ཡིག་ནང་ལྷ་ཞེས་སྒྲ་བསྒྱུར་བྱས་པ་ཞིག་ཡིན་འདུག འདས་པའི་ལོ་ངོ་༢༠ ཡི་རིང་ཞབས་ཞུ་ཁང་འདི་ནས་ཁྱོན་སློབ་མ་ ༡༡༤༢༢ ལ་སྐད་ཡིག་འདྲ་མིན་གྱི་འཛིན་གྲྭ་དང་། སློབ་མ་༢༩༥༥ ལ་གློག་ཀླད་འཛིན་གྲྭ། ཕྱི་རྒྱལ་ཤེས་ཡོན་ལྟེ་གནས་ཁང་ཁག་ནས་ཕེབས་པའི་སློབ་མ་༡༢༥༨༡ ལ་རིག་གཞུང་བརྗེ་ལེན་གྱི་གོ་སྐབས་བསྐྲུན་ཡོད་པ་དང་། གཞན་ཡང་། དྷ་ས་ཁུལ་གྱི་ཁོར་ཡུག་གཙང་བཟོ་དང་། བསྐུ་མཉེ་དང་པར་ལེན་སྦྱོང་བརྡར། སློབ་གྲྭ་དང་རྒན་གསོ་ཁང་། སྨན་ཁང་བཅས་ལ་འཐུང་ཆུ་གཙང་བཟོའི་འཕྲུལ་ཆས་རིན་མེད་དུ་སྤྲད་པ་དང་། ཡུལ་མི་ཉམ་ཐག་ལ་གྱོན་གོས་སྦྱིན་གཏོང་། གཞན་ཡང་། དྷ་སའི་དགོས་མཁོ་ཅན་གྱི་མི་གྲངས་༥༠ ནས་༦༠ ཙམ་ལ་ཉིན་ལྟར་གུང་ཚིགས་འབུལ་གྱི་ཡོད་པ་སོགས་སྤྱི་ཚོགས་ཞབས་ཞུའི་རྣམ་གྲངས་ ༢༠ ལྷག་སྒྲུབ་ཀྱི་འདུག 
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ངོ་ལོ་ ༢༠ འཁོར་བའི་རྟེན་འབྲེལ་མཛད་སྒོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གསུང་འཕྲིན་ཞིག་བསྩལ་བའི་ནང་། འདི་ལོར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལོ་ ༢༠ འཁོར་བའི་དུས་སྟོན་བྱ་རྒྱུ་ཡིན་པ་ཤེས་རྟོགས་བྱུང་བས་ངོས་རང་དགའ་པོ་བྱུང་། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་ལ་སྐྱབས་བཅོལ་དུ་ཐོག་མར་སླེབས་སྐབས། བོད་པའི་བཤད་སྲོལ་ལྟར། སྒང་ན་གནམ་དང་འོག་ན་ས་ལས་ངོ་ཤེས་པ་མེད། དེའི་རྗེས་ཀྱི་ལོ་བཅུ་ཕྲག་ཁ་ཤས་ནང་བོད་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་དང་། ན་གཞོན་རྣམས་ལ་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་སོགས་མང་པོ་ཞིག་གཏོང་ཕོད་ཅན་གྱི་མི་སྒེར་དང་། ཚོགས་སྡེ་སྒྲིག་འཛུགས། གཞུང་སོགས་ལ་བརྟེན་དགོས་བྱུང་ཡོད། ཞེས་དང་། དེང་སྐབས་ལྷ་ནི་བོད་པའི་སྤྱི་ཚོགས་ནང་རྒན་གཞོན་གཉིས་ཀར་ཞབས་ཞུ་སྒྲུབ་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་གལ་ཆེན་ཞིག་ཆགས་འདུག ཚོགས་པ་འདི་ནི་འཆར་འགོད་ལེགས་ཤིང་ཚོགས་པའི་ལས་གཞི་ཁག་ལག་བསྟར་གང་ལེགས་དང་། སྣ་མང་ལས་གཞི་དེ་དག་གི་དམིགས་ཡུལ་ནི་བོད་ཀྱི་རིག་གཞུང་དང་། སྐད་ཡིག་སོགས་སྲུང་སྐྱོབ་གོང་འཕེལ། སྤྱི་ཚོགས་ནང་ཤེས་ཡོན་སློབ་གསོའི་ཐབས་ལམ་མཁོ་སྤྲོད། དེར་མ་ཟད་ཚོགས་པའི་རིག་གཞུང་བརྗེ་རེས་ཀྱི་ལས་གཞི་དང་། དྲྭ་ཚིགས་དང་སྤྱི་ཚོགས་དྲ་གནས། འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་དྭང་བླངས་པ་རྣམས་ལ་ཞབས་ཞུའི་གོ་སྐབས་འབུལ་བ་དང་། དངོས་ཡོད་ཀྱི་རོགས་རམ་བྱེད་ཐུབ་པ་བརྒྱུད་བོད་ཀྱི་གནས་དོན་དང་བོད་མིའི་སྐོར་གོ་རྟོགས་ཁྱབ་སྤེལ་གཏོང་གི་འདུག ཅེས་སོགས་གསུངས་འདུག
 
སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། ང་ཚོ་མ་ཡི་མངལ་ནས་སྐྱེས་པ་དང་སྤྱི་ཚོགས་གཞན་དང་རང་བཞིན་གྱིས་འབྲེལ་བ་ཆགས་འགྲོ་ཡི་ཡོད་པ་རེད། ང་ཚོ་སྐབས་དེར་ཕ་མ་གཉིས་ཙམ་མིན་པར། སྨན་པའང་དགོས་ཀྱི་ཡོད་པ་རེད། སྨན་ཞབས་པ་དགོས་ཀྱི་ཡོད་པ་རེད། དེ་ནས་འཚོ་བའི་མཐུན་རྐྱེན་སྦྱར་དགོས་པ་མ་ཟད། སློབ་གྲྭར་སྐྱེལ་དགོས་པ་རེད། སློབ་གྲྭ་ཐོན་ཚར་བའི་རྗེས་ནས་ཡང་སྤྱི་ཚོགས་གཞན་ཞིག་ལ་བརྟེན་དགོས་པ་སྟེ། སྤྱི་ཚོགས་ཆུང་ཆུང་ནས་མུ་མཐུད་ཆེན་པོ་ནས་ཆེན་པོར་འབྲེལ་བ་ཡོད་དགོས་ཀྱི་ཡོད་པ་རེད། སྤྱི་ཚོགས་ཆེན་པོར་འབྲེལ་བ་བྱེད་ཡོང་དུས་རང་གི་འཚོ་བའི་བདེ་སྡུག་གཞན་ལ་ངོ་སྤྲོད་བྱེད་ཐུབ་ཅིང་། སྤྱི་ཚོགས་གཞན་གྱི་འཚོ་བའི་བདེ་སྡུག་ལ་རྒྱུས་ལོན་བྱེད་ཐུབ་དགོས། སྤྱོད་འཇུག་ནང་གསུང་པ་ལྟར། བདག་གིས་གཞན་གྱི་སྡུག་བསྔལ་སེལ་བའམ་མེད་པར་བཟོ་དགོས་ཏེ། སྡུག་བསྔལ་ཡིན་པའི་ཕྱིར། དཔེར་ན། བདག་གི་སྡུག་བསྔལ་བཞིན། སོ་སོར་སྡུག་བསྔལ་ཞིག་ཡོད་ན་མེད་པ་བཟོ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་ལྟར། གཞན་ལ་སྡུག་བསྔལ་ཞིག་ཡོད་ན། མེད་པར་བཟོ་རྒྱུའི་ཐབས་ཤེས་བྱེད་དགོས་པ་རེད། དེ་ཡང་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏོང་དགོས། དེ་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། དེ་བཞིན་གཞན་ལ་ཡང་ཕན་པར་བྱེད་དགོས་ཏེ། སེམས་ཅན་ཡིན་པའི་ཕྱིར། དཔེར་ན། སོ་སོའི་ལུས་པོ་བཞིན། སོ་སོའི་ལུས་པོར་གོས་ཡག་པོ་ཞིག་འདོད་པ་དང་། ཟས་ཞིམ་པོ་ཞིག་དགོས་ཀྱི་ཡོད་པ་ལྟར། གཞན་ལའང་དེ་ལྟར་དགོས་ཀྱི་ཡོད། དེར་བརྟེན་ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཆགས་ཀྱི་ཡོད་པ་རེད། སྤྱི་ཚོགས་ཞབས་ཞུ་དང་ལྟེ་གནས་ཁང་འདི་ལྟ་བུས་དེ་འདྲའི་སྤྱི་ཚོགས་ཆེན་པོ་ལ་ཞབས་ཞུ་ཆེན་པོ་བསྒྲུབ་ཐུབ་ཀྱི་རེད། ཅེས་གསུངས་སོང་། 
ཡང་ཁོང་གིས། སྔ་མོ་བོད་ལ་ཡིན་ན། བླ་ཆེན་དང་དགོན་པ་ཁག་ལ་རི་བརྒྱ་དང་ཀླུང་བརྒྱ་ཞེས་པའི་གཏམ་ཞིག་ཡོད་པ་རེད། དེ་ནི་རྩ་ཤིང་དང་ཤིང་སྡོང་རིགས་འདྲ་མིན་གཅོད་པ་དང་། རིའི་སྒང་དུ་ཡོད་པའི་རི་དྭགས་སེམས་ཅན་འདྲ་མིན་གསོད་མ་ཆོག་དེ་འདྲ་ཡོད་པ་རེད། དེ་ཚོ་དེང་སང་གི་ཁོར་ཡུག་སྲུང་སྐྱོབ་དང་ཐད་ཀར་འབྲེལ་བ་ཆགས་བསྡད་འདུག དེར་བརྟེན་ཁོར་ཡུག་སྲུང་སྐྱོབ་ཀྱི་རིག་པ་ང་ཚོར་སྔ་མོ་ནས་ཡོད་པ་དེ་ཚོ་ཁྱབ་སྤེལ་ཆེད་དགོངས་པ་ཤུགས་ཆེན་པོར་བཞེས་དགོས་ཀྱི་འདུག དེ་ལྟར་བྱས་ན། རང་བཞིན་གྱིས་རང་ལས་གཞན་རྩ་ཆེ་བའི་སེམས་ཤིག་སྐྱེ་ཡོང་གི་ཡོད་པ་དང་། སྤྱི་ཚོགས་འཁྲུག་མ་ཐེབས་པ་ཞིག་ཡོང་གི་རེད། དེ་ལ་བརྟེན་ནས་རང་གི་སྐད་ཡིག་དང་རིག་གཞུང་ཡང་སྲུང་ཐུབ་པ་ཞིག་ཡོང་གི་རེད་ལ། བོད་ཀྱི་རྩ་དོན་ལའང་ཕན་ཐོགས་ཐུབ་པའི་ནུས་པ་ཆེན་པོ་ཞིག་མཐོང་གི་འདུག ཅེས་དང་། མཇུག་ཏུ་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་ཕྱག་ལས་མུ་མཐུད་ཡར་རྒྱས་གོང་འཕེལ་དུ་ཡོང་བ་མ་ཟད། མ་འོངས་པར་བོད་ཀྱི་རྒྱལ་ས་ལྷ་སར་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་ནས་བོད་ཙམ་མ་ཟད་འཛམ་གླིང་ལ་ཕན་ཐོགས་ལྡན་པའི་ཞབས་ཞུ་བསྒྲུབ་ཐུབ་པའི་སྨོན་འདུན་བཅས་ཞུས་སོང་། ཉིན་གུང་གི་གསོལ་ཚིགས་གྲུབ་རྗེས་ཟློས་གར་ཐང་དུ་སྐོར་བྲོ་དང་གཞས་སྣ་འཁྲབ་སྟོན་བཅས་གནང་སྟེ་མཛད་སྒོ་མཇུག་བསྡུས་སོང་།
གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༡/༡༡

Leave a Reply

2 thoughts on “ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༠ འཁོར།

  1. ལྷ་སྤྱི་ཚོགས་ཞབས་ཞུ་འདི་རེད།
    རྡ་རམ་ས་ལར་བསྡོད་མྱོངས་བའི་གསར་འབྱོར་བ་ཞིག་ཡིན་ཚེ། ལྷ་སྤྱི་ཚོགས་ཞབས་ཞུའི་ནང་འཛུལ་མ་མྱོངས་མཁན་ཕལ་ཆེར་མེད་ཟེར་ཆོག་གི རྡ་ས་ནས་ཕྲལ་བསྡོད་བྱེད་མྱོངས་མཁན་དང་གཉུག་མར་གནས་པའི་མི་ཞིག་ཡིན་ཚེ་ཚོགས་པ་འདིས་ཅི་ཞིག་བྱེད་ཀྱི་ཡོད་འགྲེལ་མི་དགོས་པ་ཞིག་རེད།
    ཡིན་ན་ཡང་ད་ལན་གུས་པ་ལྷ་སྤྱི་ཚོགས་ཞབས་ཞུའི་གསོ་སྐྱོང་གནང་མྱོངས་བའི་སློབ་ཕྲུག་གཅིག་ཡིན་པའི་ཆ་ནས་མ་མཐའ་ཡང་ཡིག་ལམ་ནས་བཀའ་དྲིན་རྗེས་དྲན་ཞུ་འོས་པས་ཡིན།
    སློབས་གྲྭ་འདི་ནི་སྤྱི་ཡོངས་ཀྱི་ཆ་ནས་སློབ་གྲྭ་བྱིངས་དང་འདྲ་བའི་སྒྲིག་འཛུགས་ཅན་ཞིག་མིན་ན་ཡང་། དོན་གཉེར་ཅན་དང་རྡ་སའི་སྤྱི་ཚོགས་ཀྱི་གནས་བབས་དང་ཐད་ཀར་འབྲེལ་བ་ཧ་ཅང་ཆེ་བ་དང་འཚམས་པོ་ཡོད་པའི་སློབ་གྲྭ་གལ་ཆེན་་ཞིག་རེད། འདིའི་ནང་གི་སྦྱང་བྱ་གཙོ་བོ་ནི། དབྱིན་ཇིའི་སྐད་ཡིག་དང་། བོད་ཡིག དེ་མིན་ད་དུང་། ཧྥ་གོའི་སྐད། རྒྱ་སྐད་སོགས་རེད། གཞན་ཡང་། འཕྲོད་སྟེན་ཤེས་བྱ་དང་། འཁོར་ཡུག་གཅེས་སྐྱོང་གི་གོ་རྟོག་འདྲ་མིན་ཤེས་ཐུབ་པ་དང་། གློག་ཀླད་དང་བརྡ་འཕྲིན་སྐོར་གྱི་ཤེས་བྱ་འདྲ་མིན། པར་ལེན་སོགས་ལག་ཤེས་རྒྱུ་རྩལ་གྱི་སྐོར་སོགས་རེད། གངས་སྐྱིད་དང་འབྲེལ་བ་མེད་པའི་ཚོགས་པ་འདིས་ཏན་ཏན་རྡ་སའི་སྐྱབས་བཅོལ་བ་སྤྱི་སྟེ། ཕྱི་རྒྱལ་དུ་འགྲོ་མཁན་དང་། བོད་ནང་དུ་ལོག་མཁན་སྒང་ཚང་ལ་ཕན་ཐོག་རླབས་ཆེན་ཐོག་བཞིན་འདུག མིག་ཐག་ཐུང་ངུའི་སྐད་ཆ་བཤད་ན། ཁ་ལག་བཅུད་ཆེན་མི་རག་པའི་སློབ་ཕྲུག་དང་། ནད་པ། ད་དུང་སློབ་སྦྱོང་གི་དུས་ཚོད་དང་། ཁ་ལག་གི་དུས་ཚོད་མཉམ་དུ་ཐུག་པས་དུས་ཚོད་གོ་འཛོལ་མཁན་གྱི་མི་མང་པོ་ཞིག་ལ་ཉིན་གུང་གི་ཁ་ལག་དུས་ཐོག་ཏུ་སྤྲོད་ཐུབ་པ་བྱེད་ཀྱི་འདུག འདིའི་ནང་ནས་དབྱིན་སྐད་ཤེས་པ་ཙམ་མིན་པར། ཤར་ནུབ་ཀྱི་རིག་གནས་དང་། གོམས་གཤིས། བསམ་བློ་རྗེ་སྒྱུར། བཟོད་སྒོམ་དང་གུད་ཡངས་ལ་སྔར་ལས་ལྷག་པའི་བསམ་བློ་འཁོར་ཐུབ་པའི་ཤུགས་རྐྱེན་ཡག་པོ་འཇོག་གི་ཐུབ་ཀྱི་འདུག ལོ་ཏག་པར་སྤྱི་ཟླ་གསུམ་པ་བཞི་བ་ཡར་མར་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་མང་པོ་ཚོགས་པ་འདིར་མཉམ་ཞུགས་བྱས་ནས་སྐད་ཡིག་སྦྱོང་གར་ཡོང་གི་འདུག ཁོ་པ་ཚོ་ནི་ང་ཚོ་དང་མི་འདྲ་བར་ལོ་ངོ་མང་པོའི་རིང་དབྱིན་སྐད་ཁོ་ན་སྦྱོང་མཁན་ཡིན་ན་ཡང་། དབྱིན་ཇི་དང་ཐུག་དུས་སྐད་ཆ་ཁར་ཐུག་བཤད་ཐུབ་མིན་ནི་ལྷ་སྤྱི་ཚོགས་ཞབས་ཞུས་བསྐྱེད་སྲིང་བྱས་པའི་སློབ་ཕྲུག་དྲག་ག་འདུག་ཟེར་གྱི་འདུག འདི་ནི་ཟུར་ཟའི་སྐད་ཆ་ནི་བཤད་པ་མིན། ད་འགྲོ་རན་སོང་། ལྷ་སྤྱི་ཚོགས་ཞབས་ཞུ་ཡུན་དུ་གནས་པར་སྨོན་ནོ། ལྷའི་སློབ་ཕྲུག་ཟླ་བ་ནས།

  2. ལྷ་སྤྱི་ཚོགས་ཚོགས་གཙོ་དང་། ཚོགས་མི། དགེ་ལས་རྣམ་པ་ཚང་ལག་གཉིས་ཐལ་སྦྱར་ཀྱི་འཚམས་འདྲི་དང་བཀྲིན་བླ་མེད་དུ་ཆེ་ཞེས་ཞུ། ད་ལྟའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཁ་ཞེ་གཉིས་མེད་ཀྱི་སྤྱི་ཚོགས་ལ་ཞབས་ཞུ་ཐུབ་མཁན་ནི་ལྷ་སྤྱི་ཚོགས་དང་། བོད་ཀྱི་ཐེབ་རྩ། ཀ་རུ་ན་ཚོགས་པ། སྙིང་སྟོབས་གླིང་སོགས་ཡོད་ལ། ད་དུང་གང་མང་བྱུང་ན་སྤྱི་ཚོགས་ཡར་རྒྱས་ཐུབ་རྒྱུར་ཕན་རླབས་ཆེ། ཐུགས་རྗེ་ཆེ།