བོད་མི་ཞིག་ཐད་འཕུར་གནམ་གྲུ་ལས་མཆོངས་ཏེ་འདས་གྲོངས་སུ་ཕྱིན།

རྒྱ་གར་མཁའ་འགྲུལ་ཞིབ་འཇུག་ལྟེ་གནས་ཁང་གི་དམག་སྦྱོང་དགེ་རྒན་བཀྲ་ཤིས་ཟླ་བ་ཞུ་བའི་བོད་མི་ཞིག་ཐད་འཕུར་གནམ་གྲུ་ལས་མཆོངས་ཏེ་འདས་གྲོངས་སུ་ཕྱིན་ཡོད་འདུག

རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན། རྒྱ་གར་ཤར་རྒྱུད་གྱི་ཨོ་ཌེ་ཤཱ་ (Odisha) མངའ་སྡེའི་གྲོང་ཁྱེར་ཆུ་ཌ་ཝར་ (Choudwar) ཡི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་རྒྱ་གར་མཁའ་འགྲུལ་ཞིབ་འཇུག་ལྟེ་གནས་ཁང་ (ARC) གི་དམག་དགེ་བཀྲ་ཤིས་ཟླ་བ་ཞུ་བ་ཞིག་ཐད་འཕུར་གནམ་གྲུ་ལས་མཆོངས་རྗེས་བོར་བརླག་ཏུ་ཕྱིན་ཡོད་པ་དང་། ཕྱི་ཚེས་ ༡༣ ཉིན་གྱི་ཉིན་གུང་དམག་སྒར་ནས་སྤྱི་ལེ་ ༢༥ གྱི་མཚམས་སུ་ཡོད་པའི་མན་གྷ་ར་རྗེ་པུར་ (Mangarajpur) ས་ཁུལ་གྱི་ཧ་རེ་པུར་ (Haripur) ཆུ་གཞོང་ནས་བཀྲ་ཤིས་ཟླ་བ་ལགས་ཀྱི་ཕུང་པོ་རྙེད་ཡོད་འདུག

རྒྱ་གར་ཉེན་རྟོག་ཕྱོགས་ནས་བཀྲ་ཤིས་ཟླ་བ་ལགས་གནམ་མཆོང་དམག་སྦྱོང་སྐབས་སུ་ཐད་འཕུར་གནམ་གྲུ་ལས་མཆོངས་ཏེ་བོར་བརླག་ཕྱིན་རྗེས། དམག་སྒར་གྱི་དམག་མི་དང་ཉེན་རྟོག་པས་ཆུ་ཚོད་ ༡༢ རིང་འཚོལ་ཞིབ་བྱས་པ་བརྒྱུད་ཁོའི་ཕུང་པོ་རྙེད་སོན་བྱུང་ཡོད་ཀྱང་། ཁོའི་འདས་རྐྱེན་ལ་གསལ་ཁ་མེད་སྟབས། དེ་རིང་ཆུ་ཌ་ཝར་གྲོང་ཁྱེར་ཉེན་རྟོག་ཁང་དང་མཁའ་འགྲུལ་ཞིབ་འཇུག་ལྟེ་གནས་ཁང་ (ARC) གཉིས་མཉམ་འབྲེལ་གྱིས། ཁོང་གི་ཕུང་པོ་སྨན་ཁང་དུ་བསྐྱལ་ཏེ་འདས་རྐྱེན་ཅི་ཡིན་ཞིབ་འཇུག་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

འདི་གའི་གསར་འགོད་པས་སྦེལ་ཀོབ་གཞིས་མགོ་དགེ་ལེགས་འབྱུང་གནས་ལགས་སུ་གནས་ཚུལ་དེའི་སྐོར་སྐད་ཆ་དྲིས་པ་ལྟར་ན། བཀྲ་ཤིས་ཟླ་བ་ལགས་ད་ལྟ་རང་ལོ་ ༣༩ ཡིན་ཞིང་། སྦེལ་ཀོབ་གཞིས་གྲོང་གསུམ་པའི་ཁང་གྲངས་ ༩༦ པ་ནས་ཡིན་པ་དང་། ཕྱི་ལོ ༡༩༩༥ ལོར་རྒྱ་གར་དམག་ཁོངས་སུ་ཞུགས་ཏེ། ད་ལྟ་རྒྱ་གར་མཁའ་འགྲུལ་ཞིབ་འཇུག་ལྟེ་གནས་ཁང་ (Aviation Research Centre) གི་གནམ་མཆོང་དམག་སྦྱོང་གི་དགེ་རྒན་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༡/༡༤

Leave a Reply

2 thoughts on “བོད་མི་ཞིག་ཐད་འཕུར་གནམ་གྲུ་ལས་མཆོངས་ཏེ་འདས་གྲོངས་སུ་ཕྱིན།

  1. པདྨ་རྒྱལ་ལགས། སླད་ཕྱིན་གསར་འགྱུར་འགོད་སྐབས་འགོ་བརྗོད་བཟོ་སྟངས་ཐད་ཐུགས་ཟབ་དགོས་གལ་མཐོང་། ཁྱེད་ཀྱིས་༼བོད་མི་ཞིག་ཐད་འཕུར་གནམ་གྲུ་ལས་མཆོངས་ཏེ་འདས་གྲོངས་སུ་ཕྱིན་༽ཞེས་ཟེར་སྐབས། གནས་ཚུལ་གྱི་གཟུགས་བརྙན་ཆ་ཚང་བ་ཞིག་དེས་མི་བསྡུས་པ་མ་ཟད། ལྡོག་ཕྱོགས་སུ་རང་ཤི་བརྒྱབ་པ་མིན་ནམ་བསམ་པའི་བསམ་ཚུལ་ཤར་ཡང་སྲིད། དེ་ལས་༼བོད་མི་ཞིག་གནམ་གྲུ་ནས་དམག་མིའི་མཆོངས་རྩལ་སྦྱོང་བརྡར་སྐབས་འདས་གྲོངས་སུ་ཕྱིན་འདུག་༽ ཅེས་བྲིས་ན་དོན་གྱི་གཟུགས་བརྙན་ཆ་ཚང་བ་ཞིག་མངོན་ཐུབ་པ་མ་ཟད། གནས་ཚུལ་ངོ་མ་ཇི་ཡིན་ཁ་གསལ་ཡོང་རྒྱུར་ཕན་ཐོགས་འདུག་ཅེས་རྨོངས་འཆར་ཚུལ་དུ་ཞུས་པ་ལགས།

  2. རྒྱུད་གྲྭ་བློ་བཟང་དབང་འདུས།

    འ་ཟི། ཕང་པ་ལ། བཀྲ་ཤིས་ཟླ་བ་ལགས་ཀྱི་ནང་མི་ལ་ ཁོང་གི་ཆེད་ སྨོན་ལམ་དང་། སེམས་གསོ་ཞུ་ཡི་ཡོད།