དོན་དངོས་ཤེས་རྟོགས་བྱེད་པའི་ཐོབ་ཐང་ཆ་ཚང་མི་མང་ལ་ཡོད། 

                                                             མ་ཞག་པ་ཚེ་རིང་།

ང་ཚོའི་གཞུང་འདི་སྲ་བརྟན་དང་ཡུན་གནས་དགོས་ན་མང་ཚོགས་ཀྱིས་གཞུང་གི་ལས་ཀྱི་སྣེ་མོ་ཚོས་ཅི་བྱས་ལ་དོ་སྣང་དང་འགན་ཁུར་དགོས་པ་མ་ཟད། ཐལ་སྤྱོད་ཀྱི་རིགས་ལ་ངེས་པར་དུ་ངོ་རྒོལ་བྱས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་མི་རབས་རྒན་པ་ཚོས་དཀའ་སྡུག་སྣ་མང་འོག་གཡས་སྐྱོར་གཡོན་སྐྱོར་བྱས་པ་ལས་བྱུང་བའི་གཞུང་སྲིད་འདི་ཅི་ནས་ཀྱང་གང་ཟག་སྒེར་པའི་ལག་རྩེད་དབང་དུ་མ་སོང་བ་ཞིག་དགོས་པ་ཡིན། དེ་ལྟར་མ་བྱས་ན་སྤྱི་ནོར་༸གོང་ས་མཆོག་དང་མི་རབས་རྒན་པ་ཚོའི་བཀའ་དྲིན་ལ་བསམ་ཤེས་མ་བྱས་པ་དང་། བོད་མི་རིགས་ཀྱི་མ་འོངས་པའི་མི་རབས་རྣམས་ལ་འགན་མ་འཁུར་བ་ཞིག་ཆགས་ཀྱི་ཡོད།

ད་རེས་ཀྱི་དོན་རྐྱེན་འདིས་ང་ཚོའི་སྤྱི་ཚོགས་འདི་སླར་ཡང་ཟང་ཟིང་བཟོས་ཤིང་རྒྱལ་ཞེན་ཆེ་བའི་མི་སྣ་མང་པོ་ཞིག་བཀའ་ཤག་གི་བྱེད་སྟངས་དེར་བློ་ཕམ་དང་ཡིད་ཆད་དུ་གྱུར་ཡོད་པ་མངོན་གསལ་ཡིན། བཀའ་ཤག་ནས་མཁྱེན་གསལ་ལྟར་ང་ཚོའི་སྤྱི་ཚོགས་འདི་ཚོར་བ་ཧ་ཅང་སྐྱེན་པོ་ཡོད་པ་ལྟར་གནད་དོན་གང་ཞིག་ཡིན་རུང་སྔ་ཕྱི་བར་གསུམ་དུ་བསམ་བློ་བཏང་སྟེ་སྤྱི་ཚོགས་འདི་བབ་ལྷིང་བརྟན་གསུམ་ཡོང་ཐབས་བྱེད་དགོས་པ་ནི་བཀའ་ཤག་གི་ལས་འགན་དང་པོར་བརྩི་དགོས་པ་ཞིག་ཡིན། གང་ཡིན་ཟེར་ན་མཐུན་སྒྲིལ་གྱི་མ་རྩ་ཡོད་པའི་ཐོག་ནས་ལས་དོན་མ་བརྩམས་པ་ཡིན་ན་གནའ་བོའི་ཁ་དཔེར་ཡོད་པ་བཞིན། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཅེས་པ་ལྟར་ཡོང་ངེས་པས་ཡིན། དེས་ན་གནད་དོན་འདི་ཚོར་བསམ་ན་ད་རེས་ཀྱི་བཀའ་ཤག་གི་ལས་སྟངས་དེ་ཆབ་སྲིད་ཀྱི་གོ་རྟོགས་ཡོད་པ་ཞིག་གི་ཐག་གཅོད་དང་བྱེད་སྟངས་ཤིག་མ་རེད།

ལྷག་པར་དུ་ཨ་རིའི་དོན་གཅོད་སོགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་འོག་ཡོད་པ་བཞིན་ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་ལགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དགག་བྱ་དགོས་པ་དུ་མར་གཟིགས་ཏེ་བསྐོ་གཞག་གནང་བ་ཞིག་ཡིན་སྟབས། ད་རེས་ཀྱི་དོན་རྐྱེན་འདི་༸གོང་ས་མཆོག་ལ་སྙན་གསན་ཞུས་དབང་དུ་བཏང་རུང་དོན་དངོས་ཆ་ནས་༸གོང་ས་མཆོག་ལ་རྒྱབ་གཏོད་དང་མ་འོངས་པར་༸གོང་ས་མཆོག་གི་གནད་དོན་འདི་ཚོར་ཕྱག་མ་འཆང་ན་བཟང་བའི་བརྡ་ལན་ཞིག་བཀའ་ཤག་ནས་༸གོང་ས་མཆོག་ལ་ཤུགས་ཀྱིས་སྤྲད་པ་རེད། འདི་ནི་ཆབ་སྲིད་ཀྱི་ཐོག་ནས་ཧ་ཅང་གི་ནོར་འཁྲུལ་དང་རྩིས་ནོར་ཚབས་ཆེན་ཞིག་ཡིན་ཏེ་བྱེད་སྟངས་འདིས་དོལ་རྒྱལ་པ་ཚོ་ལྟ་ཅི། བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་གཙོས་ནང་ལོག་ནས་༸གོང་ས་མཆོག་ལ་དངོས་དང་བརྒྱུད་པའི་སྒོ་ནས་ངོ་རྒོལ་བྱེད་མཁན་དེ་དག་ལའང་མུ་མཐུད་ངོ་རྒོལ་གྱི་རྣམ་འགྱུར་བཟུང་རྒྱུར་ཆ་རྐྱེན་དུ་འགྱུར་ངེས་རེད། དེས་ན་བཀའ་ཤག་གིས་ཁ་ནས་༸གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་ཚོར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་མ་ཎི་བཞིན་བགྲང་རུང་སྦྱོར་བའི་ཐོག་ནས་ཁ་བཤད་དོན་སྟོང་དུ་སོང་ཡོད།

མ་གཞི་ནས་སྲིད་སྐྱོང་འདི་༸གོང་ས་མཆོག་གི་ལམ་སྟོན་ལ་ཡིད་ཆེས་དང་དེའི་འོག་ཤར་བསྐྱོད་གནང་མཁན་ཞིག་ཡིན་ནམ། དེའི་དཔེ་མཚོན་ཞིག་བགྲངས་ན་འདས་མ་ཐག་པའི་གྲོས་ཚོགས་སྐབས་སྤྱི་འཐུས་བསྟན་པ་ཡར་འཕེལ་ནས་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་སུ་དགའ་ལྡན་ཕོ་བྲང་ནས་གཟེངས་རྟགས་སྤྲད་མ་སྤྲད་དང་འབྲེལ་བའི་རྙོག་གླེང་བྱེད་སྐབས། སྲིད་སྐྱོང་གིས་བྱིས་པ་ཆུང་ཆུང་ཞིག་དང་འདྲ་བར་གཟེངས་རྟགས་དེའི་སྐོར་ལ་དགའ་ལྡན་ཕོ་བྲང་ལ་ཁ་པར་བཏང་ཡོད། དེའི་དོན་ནི་གལ་ཏེ་དངོས་སུ་༸གོང་ས་མཆོག་གམ་དགའ་ལྡན་ཕོ་བྲང་ནས་སྤྱི་འཐུས་དེར་གཟེངས་རྟགས་ཕུལ་ཡོད་ན་ངོ་རྒོལ་ཡོད་པའི་དོན་རེད། བྱེད་སྟངས་ལས་སྟངས་འདིས་སྲིད་སྐྱོང་གིས་༸གོང་ས་མཆོག་ལ་ཇི་ཙམ་གྱིས་དད་གུས་དང་ཁོང་གི་ལམ་སྟོན་འོག་ཤར་བསྐྱོད་བྱེད་མིན་དེ་མཚོན་ཐུབ། གནད་དོན་འདི་ཚོའི་ཐོག་ནས་སྲིད་སྐྱོང་གིས་རང་གི་ཆབ་སྲིད་ཀྱི་དགོས་མཁོར་༸གོང་ས་མཆོག་ལ་རྒྱབ་གཏོད་བྱེད་མཁན་ཚོར་ངོ་རྒོལ་ཡོད་ཅེས་བཤད་པ་ཙམ་ལས། ལག་ལེན་ངོ་མའི་ཐོག་ནས་དོན་དངོས་ཇི་ཡིན་ཁ་གྲག་ཡོད།

གང་ལྟར་ཡང་ད་རེས་ཀྱི་དོན་རྐྱེན་འདི་དད་གུས་ཡོད་མེད་ཇི་ལྟར་ཡང་གོ་ཐོས་ལ་དོན་གཅོད་རྙིང་པ་སྐལ་རྡོར་གྱིས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བོད་ཀྱི་ཐེབས་རྩ་ཁང་ནས་གཡར་རུང་དོན་གཅོད་ཀྱི་རྩིས་ཁྲའི་ནང་གསལ་ཁ་ཆགས་མེད་པའི་གནས་ཚུལ་ཞིག་དང་འབྲེལ་ཞིང་། གནས་ཚུལ་འདི་ད་ལྟའི་དོན་གཅོད་སྤེན་པ་ཚེ་རིང་ལགས་ནས་གསལ་ཁ་གཏོད་སྟབས། འབྲེལ་ཡོད་འགའ་ཞིག་གཏིང་ནད་ཀྱིས་མིན་པར་ཁྲིམས་ངོ་མའི་ཐོག་ནས་ལྐོག་ཟ་པ་ཆགས་ན་སྤྱི་ཚོགས་ཟང་ཟིང་འགྱུར་བ་ལས་ཀྱང་ཚབས་ཆེ་སྟབས། འདི་ལྟ་བུའི་ཡ་ཡུད་ཆེ་བའི་ཐག་གཅོད་ཅིག་མ་བྱེད་ཐབས་མེད་དུ་གྱུར་བའང་ཡིན་ལས་ཆེ། དེས་ན་དོན་དངོས་ཇི་ལྟར་ཡིན་རུང་། གཞུང་འདི་༸གོང་ས་མཆོག་གིས་མི་མང་ལ་སྩལ་ཞིང་མི་མང་གིས་ཡིན་སྟབས། དོན་དངོས་ཇི་ཡིན་ཤེས་རྟོགས་བྱེད་རྒྱུར་མི་མང་ལ་ཐོབ་ཐང་དང་འགན་དབང་ཆ་ཚང་ཡོད། དེས་ན་གནད་དོན་འདི་ཚོ་གསལ་པོར་བཟོ་རྒྱུར་ངོ་རྒོལ་བྱེད་དགོས་པ་ཆགས་ཀྱང་འོས་བབ་དང་རྒྱུ་མཚན་ལྡན་པ་ཞིག་ཡིན།

ཡང་ཕྱོགས་གཞན་པ་ཞིག་ནས་བསམ་བློ་བཏང་ན།  ད་རེས་ཀྱི་རྒྱུ་མཚན་གསལ་ཁ་གང་ཡང་མེད་པའི་ཐག་གཅོད་འདིས་འོས་བསྡུའི་སྒེར་ནད་སངས་ཐབས་བྱས་པ་དང་ཕྱོགས་མཚུངས་འདས་མ་ཐག་པའི་གྲོས་ཚོགས་སྐབས་ནས་ད་ལྟའི་བར་སྤྱི་ཚོགས་ནང་གླེང་སློང་ཆེ་ཤོས་ནི་སྤྱི་འཐུས་བསྟན་པ་ཡར་འཕེལ་ལ་ངོ་རྒོལ་བྱེད་མཁན་མཚམས་མ་ཆད་དུ་བྱུང་བ་དེ་རེད།  རྒྱ་ཆེའི་མང་ཚོགས་ཀྱིས་དེ་ལྟ་བུའི་ངོ་རྒོལ་བྱེད་དུས་སྲིད་སྐྱོང་གིས་བསྟན་པ་ཡར་འཕེལ་སེམས་ནས་མ་བཟོད་པར་སྤྱི་ཚོགས་ཀྱི་གླེང་སློང་ལ་ཁ་ཕྱོགས་བསྒྱུར་བའང་ཡིན་སྲིད་པས།  དོན་གྱི་བདག་པོ་རྒྱ་ཆེའི་མང་ཚོགས་ཀྱིས་ངེས་པར་དུ་ད་རེས་ཀྱི་དོན་རྐྱེན་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་གང་ཡིན་བཀའ་ཤག་དང་དོན་གཅོད་སྤེན་པ་ཚེ་རིང་གཉིས་ཀས་གསལ་བཤད་མི་ཡིད་ཆེས་པ་དང་འདྲེ་ཁོ་ཐག་ཆོད་པ་ཞིག་མ་བྱུང་གི་བར་དུ་དོན་གཅོད་གསར་པ་ངོས་ལེན་བྱེད་རྒྱུ་མེད་པ་མ་ཟད། བཀག་ཤག་ལ་ངོ་རྒོལ་བྱེད་དགོས་པ་ཡང་འོས་བབ་ཆགས་ཡོད།

བསྐྱར་བཅོས།: ༢༠༡༧/༡༡/༡༥

Leave a Reply

17 thoughts on “དོན་དངོས་ཤེས་རྟོགས་བྱེད་པའི་ཐོབ་ཐང་ཆ་ཚང་མི་མང་ལ་ཡོད། 

  1. ཅི་ཞིག་ལ་སྨྲ་བརྗོད་རང་དབང་ཟེར། གང་བཤད་ཆོག་པ་དང་གང་བཤད་མི་ཆོག་པའི་ཁྲིམས་ཡིག་ཡོད་དམ། སྨྲ་བརྗོད་རང་དབང་ཡིན་མིན་གྱི་ས་མཚམས་གང་ནས་འཇོག་དགོས་སམ། ང་ཚོ་ལ་སྨྲ་བརྗོད་རང་དབང་ཡོད་དམ། སོ་སོའི་སྐད་ཆ་སོ་སོས་འགན་ཁུར་བ་དང་། ཁྲིམས་ཐོག་ནས་འགན་ལེན་བྱེད་ཐུབ་པ་ཡིན་ན་དེས་འཐུས་སམ། འདི་ལྟར་བསམ་བློ་བཏང་ནས་ཁ་རྩོད་བྱེད་མཁན་ཚོའི་སྨྲ་བ་ཉུང་དུ་གཏོང་ཐུབ་པའི་ཕན་ཐོག་ཡོད་སྲིད། 

  2. དོན་དངོས་ཤེས་རྟོགས་བྱེད་པའི་ཐོབ་ཐང་ཆ་ཚང་མི་མང་ལ་ཡོད་ལ་སྤྱི་ཚོགས་བརྟན་ལྷིང་གནོད་གཞིར་གྱུར་གྱི་ཡོད་ན་བཀའ་ཤག་གིས་ངོས་ནས་གསལ་ཁ་བཏན་དང་མ་བཏོན་གཉིས་ཀའི་ཐག་གཅོད་ཀྱི་འགན་དབང་ཡང་ཡོད་པ་རེད།

    དཔེར་ན། ཁྱོད་རས་བྱས་ཉེས་བསགས་པ་ཐམས་ཅད་གཞན་ལ་བཤད་ཀྱི་མ་རེད། དེ་སྤྱིར་བཏང་ཤེས་བྱ་རེད།་་་་་་་་་་་་གལ་སྲིད་བཀའ་ཤག་གིས་གསལ་པོར་ལབ་པ་ཡིན་ན་དེས་སྤྱི་ཚོགས་དང་མི་ཆེན་དཔོན་ཆེན་འགའ་ཞིག་ལ་ཧ་ཅང་མིང་ཆད་ཆེན་པོ་ཆགས་འགྲོ་གི་རེད།

    ད་ཐེངས་ལས་བྱེད་པའི་བླང་དོར་སྒྲིག་གཞིར་གཞི་ལ་བཞག་ནས་ཐག་ཆོད་ཕྱིན་པ་རེད། ་་དེ་ནི་མངོན་གནས་རྣམ་དཔྱོད་ལྡན་པ་རེད།

    སྤེན་པ་ཚེ་རིང་ནད་འཁྱོགས་ནི་མེད་པར་ཁྱེད་སྤེན་ཚེའི་རྒྱབ་སྐྱོར་བ་རྣམས་ནད་ཅི་འི་ཕྱིར་མི་འཁྱོགས་སམ། དྲི་རྟགས་རེད།

    གལ་སྲིད་སྤེན་ཚེས་ཁ་ཁུ་སིམ་མེར་མ་བསྡད་པར་གསལ་པོ་བཟོ་དགོས་ལུགས་བརྗོད་ཀྱི་ཡོད་ན་(མ་ཞག་པ་ཚེ་རིང་) ཁྱོད་རང་འགྲིགས་པ་རེད།

    1. བསྟན་འཛིན་ཕུན་ཚོགས།

      ཁྱེད་ཚོས་སྐད་ཆ་ག་རེ་བཤད་ཀྱི་ཡོད། ལས་བྱེད་པ་འཕོ་འགྱུར་གཏོང་བ་སྤྱིར་བཏང་གི་གནས་ཚུལ་ཞིག་ལ་ཁྱེད་ཚོ་དེ་འདྲའི་ནད་མི་ཁྱགས་པའི་རྒྱུ་མཚན་ངོ་མ་ག་རེ་ལ་ཐུག་པ་ཡིན། ལས་ཀྱི་སྣེ་མོ་བས་ག་རེ་བྱེད་ཀྱི་ཡོད་མེད་ལ་དོ་སྣང་བྱེད་དགོས་ཟེར་བ་བདེན་པ་རེད། འོན་ཀྱང་དོ་སྣང་བྱེད་སྟངས་དེ་མིག་དང་རྣ་བ་གཉིས་ཀ་བེད་སྤྱོད་བཏང་ནས་ཕྱོགས་ཚང་མར་བལྟ་དགོས་པ་མ་གཏོགས་སོ་སོས་སྣང་བ་མི་འགྲོ་ས་དེར་སྐྱོན་ག་རེ་འདུག་བལྟས་ནས་བསྒུག་བསྡད་པ་ལ་ཟེར་གྱི་མ་རེད། བཀའ་ཤག་གིས་ཐག་གཅོད་ལ་དོ་བདག་སྤེན་ཚེས་ངོས་ལེན་ཡོད་ན་ཁྱོད་ཚོ་ལ་མི་འགྲིག་པའི་རྒྱུ་མཚན་ག་རེ་ཡིན། སྤྱི་ཚོགས་བབ་བརླིང་བརྟན་གསུམ་ཡོང་མི་འཇུག་མཁན་སྤེན་ཚེའི་རྒྱབ་སྐྱོར་བྱེད་མཁན་གྱི་སྔ་བསམ་ཕྱི་གཏོང་གང་ཡང་མི་ཤེས་མཁན་ཁྱེད་ཚོ་རེད། བཀའ་ཤག་གིས་གསལ་བཤད་མི་གནང་བའི་རྒྱུ་མཚན་ཕྱོགས་གཅིག་ནས་འོས་བསྡུའི་རྩོད་གླེང་གི་ཐོག་ནས་བསླབ་བྱ་བླངས་ཏེ་༧རྒྱལ་བའི་དགོངས་པ་དཀྲུག་དོགས་ཀྱིས་ཡིན་པ་དང་། གཉིས་ནས་ད་བར་བོད་པའི་སྤྱི་ཚོགས་ནང་མི་རྣ་གང་འཚམས་ཡོད་པའི་སྤེན་པ་ཚེ་རིང་ལ་མིང་ཆད་ངན་པ་མི་ཡོང་ཆེད་དགོངས་བཞེད་གནང་བ་ཞིག་རེད། ཡིན་ནའང་ཁྱེད་ཚོས་མཐའ་གཅིག་ཏུ་གསལ་བཤད་དགོས་ཞེས་བཀའ་ཤག་དང་དགའ་ལྡན་ཕོ་བྲང་ལ་ངོ་རྒོལ་བྱས་པ་ཡིན་ན་མཐའ་མ་གསལ་བཤད་གནང་དགོས་ཆགས་ཀྱི་རེད། དེ་དུས་མིང་ཆད་ངན་པའི་གྱོང་གུད་སྤེན་པ་ཚེ་རིང་ལ་ཡོང་རྒྱུ་མ་གཏོགས་ཁྱེད་ཚོ་མི་གཅིག་གིས་དེའི་འགན་ཁྱེར་གྱི་མ་རེད་ལ་ཁྱེར་བསམ་ཡང་ཁྱེར་ཐབས་མེད། དེ་ངེས་པར་བསམ་བློ་གཏོང་ཤེས་དགོས།

    2. ཁྱེད་ཀྱིས་བཤད་པ་ལ་གནས་ལུགས་མི་འདུག་ཟེར་བ་མིན་གང་ལྟར་སྤེན་ཚེས་ནག་ཉེས་མ་བཤད་ན་ད་དུང་སྤེན་ཚེ་ལ་ནག་ཉེས་མེད་པར་སྒྲུབ་ནས་སྲིད་སྐྱོང་ལ་ཉེས་མེད་ཉེས་འཛུགས་བྱེད་བཞིན་ཡོད་པ་རེད། མ་ཟད་སྤྱི་ཚོགས་ཡང་འཁྲུག་ནས་འདུག་དེ་འདྲ་སོང་ཙམ་ནག་ཉེས་དངོས་འཛིན་དགོས་པ་རེད། སྲིད་སྐྱོང་རང་ཉིད་ནས་གསལ་བཤད་གནང་དགོས་པ་རེད་དོན་དག་གང་ཡོད་རང་ཉིད་གཙོ་བོ་བྱས་ནས་ཐག་གཅོད་གནང་པ་ཡིན་ཙམ་གསལ་བོ་བཟོ་དགོས་བྱུང་བ་རེད།

    3. བསྟན་འཛིན་ཕུན་ཚོག་
      དོ་དངོས་ལ་རྒྱབ་ལང་བྱས་པ་ནི་འགྲོ་བ་མིས་བྱེད་འོས་པའི་བཟང་སྤྱོད་ལས་སྤན་ཚེ་་ཁོ་ནའི་ཆེད་དུ་ག་ནས་ཡིན་་་དེ་བས་ཀྱང་མི་ཡི་གོང་བུ་ལ་སྲོག་ཆག་ཞན་གྱི་རྣམ་པར་རོལ་པའི་ཕྱོག་ཐན་སྤང་ནས་ལས་འབྲས་ཙེ་གསུང་གི་བོད་མི་ཞིག་བྱེད་ཐུབ་ན་ལེགས

  3. བདེན་པ་སྤུ་ཙམ་མི་འདུག གསལ་ཁ་མ་ཆགས་པའི་སྔོན་དུ་སྤེན་ཚེ་ལ་བདེན་ཁ་སྦྱིན་ཚར་འདུག ད་ནས་ང་ཚོས་ཕྱོགས་ཞེན་གྱི་སྐད་ཆ་མ་བཤད། ངོ་ལོག་དང་ངོ་རྒོལ་གྱི་ངན་སྐུལ་མ་བྱེད་པའི་ཐོག་ནས་ཕྱོགས་གཉིས་ཀྱི་གསལ་བཤད་ལ་སྒུག་དགོས།

    1. འཇམ་དབྱངས་ཤཱསྟྲཱི།

      ངའི་ལྟ་སྟངས་བྱས་ན། སྤེན་པ་ཚེ་རིང་འདི་དོན་གཅོད་ལ་བསྐོས་པ་ནས་བཟུང་བྱང་ཨ་རིའི་བོད་མི་གནས་བྱེད་ས་གང་སར་སླེབས་ནས་བོད་མི་རྣམས་ཆིག་བསྒྲིལ་གྱིས་རྩ་དོན་ལ་འབད་བརྩོན་དགོས་པ་དང། དཔྱ་དངུལ་ཕུལ་དགོས་པ། རིག་གཞུང་བདག་པོ་རྒྱབ་དགོས་པ་སོགས་ཁ་ཏ་སློབ་གསོ་ཡག་པོ་བྱས་ཏེ་བོད་མི་ཚང་མ་ཆིག་བསྒྲིལ་བཟོས་སོང། མ་ཟད་ཆོས་ཚོགས་ཁག་ལའང་བཅར་ཏེ་བོད་དོན་ལ་དོ་ཁུར་དགོས་པ་བཤད་སོང་བ་མིག་གིས་མཐོང་བྱུང། དེ་སྔ་དོན་གཅོད་སུ་གང་གི་ཡང་དེ་ལྟར་གནང་བ་མཐོང་མ་བྱུང་ལ་ཐོས་ཀྱང་མ་བྱུང། ད་དུང་སྤེན་ཚེ་འདི་སྤྱི་མཐུན་ཚོགས་པའི་ཚོགས་འདུ་སྟངས་འཛིན་ལེགས་པ། ཚོགས་ཞུགས་པ་རྣམས་ལ་སེམས་ཤུགས་བྱེད་དགོས་པ་རང་ཉིད་ནས་དཔེ་མཚོན་བཏོན་ཐུབ་པ་སོགས་གང་ལྟར་བྱང་ཨ་རིའི་སྤྱི་མཐུན་ཚོགས་པ་ཡོངས་ནས་བལྟ་སྟངས་ཡག་པོ་ཡོད། དེ་ལེན་སྤེན་ཚེ་ཁོང་གསལ་ཁ་མེད་པའི་གནས་དབྱུངས་འདིས་མི་མང་པོ་སེམས་ཕམ་དགོས་པ་བཟོས་སོང། བཀའ་ཤག་གི་གནང་སྟངས་འདིས་རང་གཞུང་ལ་ཡིད་ཆེས་བརླགས་གྲབས་བྱེད་ཀྱི་འདུག སྤེན་ཚེས་བྱས་ཉེས་ཆེན་པོ་བྱས་ཡོད་ན་མི་མང་ལ་དྲང་པོ་བྱས་ནས་གསུང་དགོས། བྱས་ཉེས་བསགས་ཡོད་ན་རྒྱབ་སྐྱོར་མི་བྱེད་དཀོན་མཆོག་དཔང་བཙུགས།