རྩེད་འགྲན་པ་རྐུན་མ་གསུམ་ཀློད་གྲོལ་བཏང་།

ཉེ་སྔོན་རྒྱ་ནག་གི་ཚོང་ཁང་ཞིག་ནས་ཉི་ཤེལ་བརྐུས་ཏེ་འཛིན་བཟུང་བྱས་པའི་ཨ་རིའི་སིལ་སྤོལ་རྩེད་འགྲན་པ་གསུམ་སྲིད་འཛིན་ཊོམ་གྱི་རེ་སྐུལ་ལྟར་ཀློད་གྲོལ་བཏང་ཡོད་འདུག

དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་རྒྱ་ནག་ཧྲང་ཧེ་རུ་བསྡུས་པའི་སིལ་སྤོལ་འགྲན་ཚོགས་ཐོག་མཉམ་ཞུགས་བྱས་པའི་ཨ་རིའི་ཀེ་ལི་ཧྥོ་ནི་ཡ་གཙུག་ལག་སློབ་ཁང་ (California University) གི་སིལ་སྤོལ་རྩེད་འགྲན་པ་གསུམ་གྱིས། ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཧང་ཀྲུའུ་ཡི་ཚོང་ཁང་ཞིག་ནས་རིན་གོང་ཆེ་བའི་ཉི་ཤེལ་(Sunglass)བརྐུས་པར་བརྟེན། འབྲེལ་ཡོད་ལས་བྱེད་ཀྱིས་ཁོ་ཚོ་གསུམ་ཉེན་རྟོག་པར་བརྩི་སྤྲད་དེ་འཛིན་བཟུང་བྱས་ཡོད་ཀྱང་། ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ཡི་རོགས་རམ་འོག ཁོ་ཚོ་གསུམ་ལ་རྒྱ་སྒོར་ ༢༢༠༠ ཡི་དངུལ་ཆད་བཅད་དེ་ཁ་སང་ཀློད་གྲོལ་གྱིས་ཨ་རིར་ཕྱིར་ལོག་བཏང་ཡོད་འདུག

སིལ་སྤོལ་རྩེད་འགྲན་པ་གསུམ་ནི་ལི་ཨན་ཇི་ལོ་བོལ་ (LiAngelo Ball) དང་། ཀོ་ཌི་རི་ལེ་ (Cody Riley)། ཇ་ལིན་ཧིལ་ (Jalen Hill) བཅས་ཡིན་པ་དང་། གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་ཁོ་ཚོས་ཚོང་ཁང་ཆེན་པོ་དེ་ནས་ཅ་ལག་བརྐུས་པ་ངོས་ལེན་བྱས་པ་དང་སྦྲགས་དགོངས་སེལ་ཞུས་ཡོད་པ་མ་ཟད། སྲིད་འཛིན་ཊོ་རུམ་ཕི་ཡི་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞུས་ཡོད་འདུག

ཁ་སང་སྤྱི་ཚོགས་དྲྭ་བ་ཊུའེ་ཊར་(Twitter)ཐོག་རྩེད་འགྲན་པ་གསུམ་གྱི་སྐོར་ལ་སྲིད་འཛིན་ཊི་རུམ་ཕི་ཡིས། ཁྱོད་ཚོས་སྲིད་འཛིན་ཊི་རུམ་ཕི་ལ་སིལ་སྤོལ་རྩེད་འགྲན་པ་གསུམ་གྱིས་ཐུགས་རྗེ་ཆེ་ཞུ་གི་རེད་དྲན་གྱི་འདུག་གམ། ང་ཚོས་རོགས་པ་བྱས་མེད་ན། ཁོང་གསུམ་ལ་ལོ་ངོ་ ༡༠ ཡི་ཁྲིམས་ཐག་གཅོད་སྲིད་པ་རེད། ཅེས་བརྗོད་ཡོད་པ་རེད།

རྩེད་འགྲན་འཁྲིད་སྟོན་པ་སི་ཊི་ཝི་ཨེལ་ཧྥོ་ཌ་(Steve Alford)ལགས་ཀྱིས། གཞོན་ནུ་དེ་གསུམ་གྱི་ཉེས་སྐྱོན་ལ་གུ་ཡངས་གཏོང་དཀའ་ཞིང་། ཁོ་ཚོའི་བྱ་སྤྱོད་ལ་ཧ་ཅང་བློ་ཕམ་ཆེན་པོ་བྱུང་སྐོར་བརྗོད་འདུག

རྩེད་འགྲན་པ་གསུམ་ནི་ད་ལྟ་ཀེ་ལི་ཧྥོ་ནི་ཡ་གཙུག་ལག་སློབ་ཁང་གི་ལོ་རིམ་དང་པོའི་ནང་སློབ་གཉེར་བྱེད་བཞིན་ཡོད་པ་དང་། ཁོ་ཚོ་གསུམ་ནི་མཐོ་སློབ་ཀྱི་སིལ་སྤོལ་རྩེད་འགྲན་རུ་ཁག་གི་རྩེད་འགྲན་པ་ཡིན་འདུག

དེའི་སྐོར་ནེའུ་ཡོག་དུས་བབ་ལ་ཨ་རིའི་ཕོ་བྲང་དཀར་པོའི་ལས་བྱེད་འགན་འཛིན་ཇོ་ཀེ་ལི་ (John Kelly) ཡིས། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན། ཝེ་ཋི་ནམ་ (Vietnam) གྱི་རྒྱལ་སྤྱིའི་དཔལ་འབྱོར་ལྷན་ཚོགས་སྐབས་སྲིད་འཛིན་ཊི་རུམ་ཕི་ཡིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་དངོས་སུ་ཐུག་འཕྲད་བྱས་ཏེ། འཛིན་བཟུང་བྱས་པའི་ཨ་རིའི་སློབ་ཕྲུག་གསུམ་ཀློད་གྲོལ་ཡོང་བའི་རེ་སྐུལ་གནང་བ་ལྟར་རྒྱ་ནག་ཕྱོགས་ནས་དང་ལེན་བྱས་ཏེ་ཀློད་གྲོལ་བཏང་ཡོད་སྐོར་བརྗོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

 

བསྐྱར་བཅོས།: ༢༠༡༧/༡༡/༡༦

Leave a Reply

One thought on “རྩེད་འགྲན་པ་རྐུན་མ་གསུམ་ཀློད་གྲོལ་བཏང་།