པཱ་ཀི་སི་ཐན་གྱིས་རྒྱ་ནག་གི་ཆུ་མཛོད་ལས་འཆར་རྩིས་མེད་བཏང་།

རྒྱ་ནག་དང་པཱ་ཀི་སི་ཐན་གཉིས་མཉམ་འབྲེལ་གྱིས་ཨ་སྒོར་ཐེར་འབུམ་ ༡༤ ཅན་གྱི་ཆུ་མཛོད་གློག་འདོན་ཁང་ཞིག་རྒྱག་འཆར་ཡོད་པ་དེ་པཱ་ཀི་སི་ཐན་གྱིས་རྩིས་མེད་བཏང་ཡོད་འདུག 
རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། པཱ་ཀི་སི་ཐན་དང་རྒྱ་ནག་གཉིས་ཀྱིས་ཨ་སྒོར་ཐེར་འབུམ་ ༡༤ ཡི་འགྲོ་གྲོན་བཏང་སྟེ། པཱ་ཀི་སི་ཐན་ནང་ཌའེ་མིར་བྷ་ཤ་ (Diamer-Bhasha) ཞེས་པའི་ཆུ་མཛོད་གློག་འདོན་ཁང་ཆེན་པོ་ཞིག་རྒྱག་པའི་ལས་འཆར་ཡོད་ཀྱང་། ཁ་སང་པཱ་ཀི་སི་ཐན་རྒྱལ་ཁབ་ཀྱི་ཆུ་དང་གློག་ཡར་རྒྱས་ཚན་པའི་འགན་འཛིན་མུ་ཛམ་མིལ་ཧུས་སེན་ (Muzammil Hussain) གྱིས། ལས་འཆར་དེ་རྒྱུན་སྐྱོང་ཐུབ་པ་ཞིག་མ་རེད་ལ། དེའི་འགྲོ་གྲོན་ཡང་ཧ་ཅང་ཆེ་དྲགས་པ་མ་ཟད། ལས་འཆར་དེ་ནི་ང་ཚོའི་མང་ཚོགས་ཀྱི་འདོད་དོན་དང་འགལ་བ་ཞིག་ཆགས་འདུག ཅེས་བརྗོད་དེ་རྩིས་མེད་བཏང་བ་ཡོངས་བསྒྲགས་བྱས་ཡོད་འདུག 
པཱ་ཀི་སི་ཐན་གྱི་ས་གནས་གསར་ཁང་ཞིག་གིས། རྒྱ་ནག་ཕྱོགས་ནས་ད་ལྟའི་ཆུ་མཛོད་ཀྱི་ལས་འཆར་དེའི་དབང་ཚད་ཆ་ཚང་རྒྱ་ནག་ལ་བདག་དགོས་པ་དང་། ད་དུང་དེ་འདྲ་བའི་ལས་འཆར་གཞན་ཞིག་ལའང་གྲོས་ཆོད་འཇོག་དགོས་པའི་ཆ་རྐྱེན་བཏོན་པར་བརྟེན། པཱ་ཀི་སི་ཐན་གཞུང་ནས་ཆ་རྐྱེན་དེ་གཉིས་དང་ལེན་བྱེད་མ་ཐུབ་པར་ལས་འཆར་རྩིས་མེད་གཏོང་དགོས་བྱུང་ཡོད་སྐོར་བསྒྲགས་ཡོད་པ་རེད། 
 
ཌའེ་མིར་བྷ་ཤ་ཞེས་པའི་ཆུ་མཛོད་ཀྱི་ལས་འཆར་དེ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་ནང་ནས་གཅིག་ཡིན་འདུག་ལ། ད་ལྟ་པཱ་ཀི་སི་ཐན་མངའ་ཁུངས་ཀྱི་རྩོད་རྙོག་ཆེ་བའི་ས་གནས་ཀཱ་ཤི་མིར་ (Kashmir) ཞེས་པ་དེར་འཁེལ་ཡོད་པ་དང་། གལ་ཏེ་ཆུ་མཛོད་དེ་ལེགས་འགྲུབ་བྱུང་ན་ཆུ་གློག་གི་ཤུགས་ཚད་ ༤༥༠༠ (MW) མཁོ་འདོན་ཐུབ་སྐོར་བརྗོད་ཀྱི་ཡོད་་ཀྱང་། ཆུ་མཛོད་གློག་འདོན་ཁང་རྒྱག་སའི་ས་ཆ་དེ་ནི་རྒྱ་གར་དང་པཱ་ཀི་སི་ཐན་གཉིས་བར་རྩོད་རྙོག་ཆེན་པོ་ཡོད་སྟབས། རྒྱ་གར་གྱི་ངོས་ནས་དེ་ལ་ག་དུས་ཡིན་ཡང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་འདུག  
སྤྱིར་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་པཱ་ཀི་སི་ཐན་དང་བལ་ཡུལ་སོགས་ཀྱིས་རྒྱ་ནག་གི་འཛུགས་བསྐྲུན་ལས་འཆར་དེ་དག་ལ་དགའ་བསུ་བྱས་ཡོད་ཀྱང་། དེང་སྐབས་རྒྱལ་ཁབ་དེ་དག་གིས་ལས་འཆར་རེ་གཉིས་རིམ་གྱིས་རྩིས་མེད་གཏོང་བཞིན་ཡོད་འདུག་ལ། ཆེད་ལས་པ་ཚོས་མ་འོངས་པར་རྒྱ་ནག་གཞུང་གིས་རྒྱལ་ཁབ་དེ་དག་དང་ལྷན་དུ་ཆུ་མཛོད་གློག་འདོན་ཁང་འདྲ་བའི་ལས་འཆར་གཞན་གྲོས་ཆོད་དུ་བཞག་ན། གཟབ་ནན་བྱེད་དགོས་པ་ལས་དེ་མིན་གྱོང་གུད་ཆེན་པོ་ཕོག་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག
 
རྒྱ་ནག་དང་ལྷོ་ཨེ་ཤ་ཡའི་འབྲེལ་ལམ་ཐད་ཀྱི་ཆེད་ལས་པ་རྒྱ་ནག་སྤྱི་ཚོགས་ཚན་རིག་སློབ་གླིང་གི་དགེ་རྒན་སན་ཤི་ཧའེ་ (Sun Shihai) ཡིས། ཆུ་མཛོད་གློག་འདོན་ཁང་གི་ལས་འཆར་ནི་དམིགས་བསལ་གྱི་ལས་གཞི་མགོ་རྙོག་ཅན་ཞིག་རེད། གང་ཡིན་ཟེར་ན། ལས་གཞི་དེས་ཁོར་ཡུག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། ཉེ་འགྲམ་གྱི་གྲོང་པ་ཁྱིམ་ཚང་གནས་སྤོར་བྱེད་དགོས་ཀྱི་ཡོད་པ་མ་ཟད། རྒྱུག་ཆུ་ནི་རྒྱལ་ཁབ་མང་པོར་བརྒྱུད་དེ་འགྲོ་ཡི་ཡོད་སྟབས། ཕྱོགས་གང་ས་ནས་ལབ་གླེང་དང་སྐྱོན་བརྗོད་སྣ་ཚོགས་ཡོང་གི་ཡོད་ལ། ས་གནས་མང་པོ་ཞིག་ལ་དོན་དངོས་སུ་གནོད་སྐྱོན་ཆེན་པོ་ཡོང་གི་ཡོད་པ་རེད། ཅེས་བརྗོད་འདུག 
 
ཡང་ཁོང་གིས། ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་དང་འབར་མ་ཟུང་འབྲེལ་གྱིས་འབར་མའི་ནང་ཆུ་མཛོད་གློག་འདོན་ཁང་ཆེན་པོ་ཞིག་རྒྱག་མགོ་བཙུགས་ཏེ་ད་ལོར་ལེགས་འགྲུབ་དགོས་པ་བཟོས་ཡོད་ཀྱང་། ལས་གཞི་དངོས་སུ་མགོ་འཛུགས་བྱེད་སྐབས་དེའི་ཉེ་འཁོར་གྱི་ཁོར་ཡུག་ལ་དོ་ཕོག་ཆེན་པོ་བྱུང་སྟབས། འབར་མ་གཞུང་གིས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༣༠ ནས་ལས་གཞི་དེ་མཚམས་འཇོག་བྱས་ཡོད་པ་རེད།
ལྷོ་ཨེ་ཤ་ཡའི་སྐོར་གྱི་ཆེད་ལས་པ་ཧྲང་ཧེ་གཙུག་ལག་སློབ་ཁང་གི་དགེ་རྒན་ཀྲུའུ་གན་ཁྲིན་ (Zhao Gancheng) གྱིས། པཱ་ཀི་སི་ཐན་དང་རྒྱ་ནག་བར་སྔོན་མ་ནས་ཨ་སྒོར་ཐེར་འབུམ་ ༤༦ ལྷག་གི་ལས་འཆར་གྲོས་ཆོད་བཞག་ཡོད་པ་དང་། ད་ལྟ་ལས་འཆར་ཁ་ཤས་ཤིག་ནི་དངོས་སུ་མགོ་བཙུགས་ཡོད་སྟབས། ད་ལན་གྱི་ཆུ་མཛོད་ལས་འཆར་རྩིས་མེད་བཏང་བ་ཙམ་གྱིས། མ་འོངས་པར་རྒྱ་ནག་དང་པཱ་ཀི་སི་ཐན་བར་གྱི་རྒྱུད་གཅིག་ལམ་གཅིག་གྱི་ལས་འཆར་ལ་དོ་ཕོག་གང་ཡང་བྱུང་གི་མ་རེད། ཅེས་བརྗོད་ཡོད་པ་རེད།
 
རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་ལས་འཆར་རྒྱལ་ཁབ་མང་པོའི་ནང་ལག་བསྟར་བྱེད་ཀྱི་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་བལ་གཞུང་གིས་རྒྱ་ནག་གཞུང་འབྲེལ་གྱི་བཟོ་གྲྭ་ཀི་ཀྲུའུ་བྷ་(Gezhouba Group)ཚད་ཡོད་ཚོང་གཉེར་ཁང་དང་མཉམ་དུ་བཞག་པའི་ཆུ་མཛོད་གློག་འདོན་ཁང་གི་ལས་འཆར་གྲོས་ཆོད་ཅིག་ཀྱང་རྩིས་མེད་བཏང་བ་ཡོངས་བསྒྲགས་བྱས་ཡོད་པ་རེད།
 སྔོན་ཆད་བསམ་བློ་མ་བཏང་བར་བཞག་པ་དེ་ནོར་འཁྲུལ་ཡིན་པ་ཤེས་རྟོགས་བྱུང་བའི་སྐོར་བརྗོད་ནས་རྩིས་མེད་བཏང་ཡོད་པ་རེད།
གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༡/༡༧

Leave a Reply