རྒྱ་ནག་སོལ་རླངས་རྩ་མེད་ཀྱི་ལས་འགུལ་ནང་ཞུགས་མི་འདུག

རྒྱ་ནག་དང་ཨ་རི་སོགས་སོལ་རླངས་བེད་སྤྱོད་མང་ཤོས་གཏོང་བའི་རྒྱལ་ཁབ་ཁག་ཅིག་སོལ་རླངས་རྩ་མེད་བཟོ་བའི་ལས་འགུལ་ནང་མཉམ་ཞུགས་བྱས་མེད་པ་རེད།

ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ནས་གོ་ལའི་གནམ་གཤིས་ཚ་དྲོད་འགོག་སྲུང་གི་གྲོས་ཆོད་ཅིག་གསལ་བསྒྲགས་བྱས་པ་ལྟར་ན། ཁེ་ན་ཌ་དང་དབྱིན་ཇི་གཉིས་ཀྱི་སྣེ་འཁྲིད་དེ། འདི་ལོར་འཛམ་གླིང་གི་རྒྱལ་ཁབ་ ༡༩ དང་མངའ་སྡེ་༦ གིས་གོ་ལའི་ཚ་དྲོད་འགོག་སྲུང་ཆེད། ཕྱི་ལོ་ ༢༠༣༠ ལོར་རྒྱལ་ཁབ་སོ་སོའི་ནང་སོལ་རླངས་རྩ་མེད་བཟོ་བའི་ལས་འགུལ་ལ་མོས་མཐུན་བྱས་ཡོད་ཀྱང་། ཨ་རི་དང་འཇར་མན་སོགས་ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་ཅིག་གིས་ཕྱིར་འཐེན་བྱས་ཡོད་པ་དང་། དེ་བཞིན། འཛམ་གླིང་ནང་སོལ་རླངས་བེད་སྤྱོད་གཏོང་མཁན་ཤུགས་ཆེ་ཤོས་རྒྱ་ནག་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གཅིག་མཉམ་ཞུགས་བྱས་མེད་པ་རེད།

རྒྱལ་སྤྱིའི་ནུས་ཤུགས་ཐོན་སྐྱེད་ཚོགས་པས་རྒྱ་ནག་དང་ཨ་རི་གཉིས་དམིགས་སུ་བཏོན་ཏེ།  ད་ལྟ་ཨ་རི་དང་། འདོད་བློ་ཁེངས་རྒྱུ་མེད་པའི་རྒྱ་ནག་གཉིས་ཀྱིས་སོལ་རླངས་བེད་སྤྱོད་གཏོང་མཚམས་འཇོག་ཐབས་བྱེད་ཀྱི་ཡོད་སྟབས། སོལ་རླངས་ཀྱི་དུས་རབས་མཇུག་རྫོགས་པ་ཡིན། ཞེས་བརྗོད་ཡོད་པ་དང་། སོལ་རླངས་རྩ་མེད་བཟོ་བའི་མཉམ་ཞུགས་རྒྱལ་ཁབ་ ༡༩ ཡིས་རྒྱལ་སྤྱིའི་སོལ་རླངས་ཁྱོན་བསྡོམས་ཀྱི་བརྒྱ་ཆ་ ༣ མ་ཟིན་ཙམ་ལས་བེད་སྤྱོད་གཏོང་གི་མེད་པ་རེད།

ད་ལྟ་འཛམ་གླིང་གི་གློག་གི་བརྒྱ་ཆ་ ༤༠ སོལ་རླངས་ལ་བརྟེན་ནས་ཡོང་གི་ཡོད་སྟབས། རྒྱལ་ཁབ་མང་པོ་ཞིག་གིས་སོལ་རླངས་རྩ་མེད་བཟོ་བའི་ལས་འགུལ་ནང་མཉམ་ཞུགས་བྱས་མེད་པ་དང་། ཨེ་ཤ་ཡའི་རྒྱལ་ཁབ་རྒྱ་གར་དང་། བྷང་ལཱ་ཌི་ཤཱི། ཝི་ཏི་ནམ་སོགས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ཅིག་གིས་སོལ་རླངས་ཐོན་སྐྱེད་གསར་འཛུགས་བྱས་ཏེ་གློག་མེད་སར་གློག་མཁོ་སྤྲོད་བྱེད་མུས་ཡིན་པ་རེད།

འཇར་མན་གྱི་གློག་གི་བརྒྱ་ཆ་བཞིའི་ནང་གི་གཅིག་སོལ་རླངས་ལ་བརྟེན་ནས་ཡོང་གི་ཡོད་སྟབས། ཐེངས་འདིའི་གནམ་གཤིས་ཚ་དྲོད་ཀྱི་ཚོགས་འདུའི་ཐོག  སྲིད་བློན་ལྕམ་ཨན་ཇི་ལ་མར་ཁེལ་ལགས་ཀྱིས་འཇར་མན་སོལ་རླངས་རྩ་མེད་བཟོ་བའི་ལས་འགུལ་ནང་ཞུགས་ཐབས་མེད་སྐོར་བརྗོད་ཡོད་པ་རེད།

རྒྱལ་སྤྱིའི་ཁོར་ཡུག་ཚོགས་པས་བརྗོད་པ་ལྟར་ན། རྒྱ་ནག་གིས་རྒྱལ་སྤྱིའི་སོལ་རླངས་ཀྱི་བརྒྱ་ཆ་ ༢༩།༥༡ བེད་སྤྱོད་གཏོང་གི་ཡོད་པ་དང་། ཨ་རིས་རྒྱལ་སྤྱིའི་སོལ་རླངས་བརྒྱ་ཆ་ ༡༤།༣༤ བེད་སྤྱོང་གཏོང་གི་ཡོད་འདུག

 གསར་འགོད་པ།  སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༡༡/༡༧

Leave a Reply