ཉིང་ཁྲི་ས་ཁུལ་དུ་ཚད་རིམ་ ༦.༩ ཅན་གྱི་ས་ཡོམ་བྱུང་།

དེ་རིང་ཞོགས་པར་ཉིང་ཁྲི་ས་ཁུལ་དུ་ཚད་རིམ་ ༦.༩ ཅན་གྱི་ས་ཡོམ་བྱུང་ཡོད་ཀྱང་ད་ལྟའི་ཆར་གནོད་འཚེ་ག་འདྲ་ཐེབས་ཡོད་མེད་གསལ་ཁ་མི་འདུག

རྒྱ་ནག་ས་ཡོམ་དྲ་བའི་གནས་ཚུལ་ལྟར་ན། དེ་རིང་ཞོགས་པར་བོད་ནང་གི་ཆུ་ཚོད་ ༦/༣༠ ཙམ་ལ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་སྨིན་གླིང་རྫོང་དུ། ཚད་རིམ་ ༦།༩ ཅན་གྱི་ས་ཡོམ་བྱུང་ཡོད་པ་དང་། ཞོགས་པའི་ཆུ་ཚོད་ ༦ པ་ནས་ ༡༡། ༣༦ བར་ཉིང་ཁྲི་ས་ཁུལ་སྨིན་གླིང་རྫོང་དང་བྲག་ཡིབ་ཁུལ་དུ་ཚད་རིམ་ ༣ ཡན་ཆད་ཀྱི་ས་ཡོམ་ཐེངས་བདུན་བྱུང་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་དེ་བཀོད་འདུག་ཀྱང་། ས་ཡོམ་བྱུང་བའི་ཆུ་ཚོད་དང་ཚད་རིམ། ཁྱབ་ཚད་ཙམ་ལས་ས་གནས་སུ་གོད་ཆགས་ག་འདྲ་ཐེབས་ཡོད་མེད་བྲིས་མི་འདུག

ས་གནས་ཀྱི་ཡུལ་མི་ཞིག་གིས། ས་ཡོམ་བྱུང་སྐབས་ང་གཉིད་ཁུག་བསྡད་ཡོད་དེ་གློ་བུར་དུ་གཉིད་སད་སོང་། མགྱོགས་པོར་སྒོ་ཕྱིར་བྲོས་ཕྱིན་པ་ཡིན།  ང་ཚོའི་ཁྱིམ་མཚེས་མང་ཆེ་བ་ལངས་ཚར་བ་མ་ཟད་ཚང་མ་ཕྱི་ལོགས་སུ་བྲོས་ཏེ་ཁ་འདོན་གསོལ་འདེབས་སོགས་བྱས་ནས་བསྡད་འདུག་ཅེས་བརྗོད་ཡོད་པ་རེད།

ཨ་རིའི་ས་ཡོམ་ཞིབ་འཇུག་ལྟར་ན། ཐེངས་འདིའི་ས་ཡོམ་གྱི་ཁྱབ་ཚད་ ༦.༧ དང་གཏིང་ཚད་སྨི་ ༦.༢ ཟིན་གྱི་ཡོད་པས། ས་ཡོམ་བྱུང་སའི་ཡུལ་དངོས་སུ་གོད་ཆགས་ཆེན་པོ་ཐེབས་ཡོད་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག

གནས་ཚུལ་ཐོན་རིམ་བཞིན་འགོད་རྒྱུ་ཡིན།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༡/༡༩

Leave a Reply