ཀོང་པོའི་ལོ་གསར་སྲུང་གཙི་བྱས།

དེ་རིང་ཀོང་པོའི་ལོ་གསར་ཚེས་གཅིག་ཡིན་པས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་ཀོང་པོ་མི་མང་གིས་ལོ་གསར་སྲུང་རྩི་བྱེད་བཞིན་ཡོད་འདུག

དེ་རིང་ཞོགས་པར་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་གྲོང་སྡེ་གསུམ་པའི་ནང་ཀོང་པོའི་ལོ་གསར་སྲུང་གཙི་བྱས་ཡོད་པ་དང་། སྐུ་མགྲོན་གཙོ་བོ་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་རྨུགས་སངས་སྤྲུལ་སྐུ་རིན་པོ་ཆེ་དབུ་བཞུགས་ཐོག ད་ལོར་སྦེལ་ཀོབ་གསར་རྙིང་གཉིས་དང་ཧོན་སུར་རབ་རྒྱས་གླིང་། ཀོ་ལེ་གྷལ་སོགས་ནས་ཀོང་པོའི་མི་མང་འཛོམས་འདུག

ཉིན་རྒྱབ་ནས་སྐྱེས་པ་རྣམས་ཀྱིས་མདའ་འཕེན་པ་དང་མཆོད་ཆང་འདེགས་པ། གླུ་གཞས་གཏོང་བ། ཁ་བཏགས་སྒྲོན་པ་སོགས་བྱེད་སྒོའི་ཞབས་ཞུའི་ལས་ཀ་བྱེད་ཀྱི་ཡོད་པ་ཕུད། བུད་མེད་རྣམས་མཉམ་འཛོམས་ཀྱིས་རྩེ་དགར་རོལ་གྱི་ཡོད་པ་དང་། ལོ་ལྟར་ཀོང་པོ་ཚོས་སོ་སོའི་གཞིས་ཆགས་ནང་ཀོང་པོའི་ལོ་གསར་སྲུང་གཙི་གནང་གི་ཡོད་པ་རེད།

བོད་ཁུལ་གཞན་དང་འདྲ་བར་བོད་ཟླ་དང་པོའི་ཚེས་གཅིག་ཉིན་ཀོང་པོས་ལོ་གསར་གཏོང་གི་ཡོད་མོད། འོན་ཀྱང་ལོ་རྒྱུས་ཀྱི་བཤད་རྒྱུན་དུ། ཕྱི་ལོའི་དུས་རབས་བདུན་པའི་ནང་ཉིང་ཁྲིར་བྱང་ཕྱོགས་ཧོར་པས་བཙན་འཛུལ་བྱས་པའི་ལོ་དེའི་སྟོན་མཇུག་ཏུ། ཀོང་པོའི་དཔོན་ཨ་སྐྱིད་རྒྱལ་པོས་ཀོང་པོའི་སྐྱེས་པ་རྣམས་ཁྲིད་དེ་དམག་ལ་ཆས་པ་དང་། སྐབས་དེར་ལོ་གསར་བསླེབ་པར་དུས་ཡུན་རིང་པོ་མེད་པས་མི་རྣམས་ཁྱིམ་དང་བྲལ་འདོད་མེད་པར་བརྟེན། ཨ་སྐྱིད་རྒྱལ་པོས་དམག་ནི་མ་བརྒྱབ་དཀའ་མེད་རེད། ལོ་གསར་ནི་མི་གཏོང་ཐབས་མེད་ཡིན། ལོ་གསར་མ་བཏང་ཚེ་དམག་རྒྱག་རྒྱུའི་བསམ་བློ་མེད་པས་ཀོང་པོའི་ལོ་གསར་ཟླ་བཅུ་པའི་ཚེས་གཅིག་ཉིན་གཏོང་རྒྱུ་ངས་གཏན་འཁེལ་བྱ་རྒྱུ་ཡིན། ང་ཚོས་བཟའ་བཏུང་ཡིད་ཚིམ་པ་ཞིག་བྱས་ཏེ་དམག་རྒྱག་པར་བསྐྱོད་ཆོག་ཅེས་ཐག་བཅད་དེ། ལོ་གསར་བཏང་ནས་དམག་ལ་ཆས་པ་དང་། མཐའ་མའི་རྒྱལ་ཁའང་ཐོབ། དེ་ནས་བཟུང་ཀོང་པོའི་མི་མང་གིས་ལོ་རེའི་བོད་ཟླ་བཅུ་པའི་ཚེས་གཅིག་ཉིན་ལོ་གསར་གཏོང་བའི་ལུགས་སྲོལ་འདི་རྒྱུན་མ་ཆད་པར་གནས་ཡོད་པ་རེད།

ཀོང་པོའི་ལོ་གསར་ཚེས་གཅིག་ཉིན་གྱི་ཞོགས་པར་ཀོང་པོ་བ་ཚོས་བྱ་སྐད་དང་པོ་དང་འགྲོགས་ནས་མལ་ལས་ལངས་ཏེ་ཆུ་ཕུད་ལེན་པ་དང་། གྲོང་མི་རྣམས་མཉམ་འཛོམས་ཀྱིས་ཡུལ་ལྷ་གསོལ་བ་དང་རིམ་བཞིན་གཞས་དང་ཆང་སོགས་དགའ་སྟོན་ལ་རོལ་བ་རེད། དེ་ནས་ཚེས་གཉིས་དང་གསུམ་སོགས་རིམ་བཞིན་གྲོང་པ་ཁྱིམ་མཚེས་དང་ཕ་མ་སྤུན་མཆེད་སོགས་ཕན་ཚུན་བར་འགྲོ་འོང་བྱས་ནས་བཟའ་བཏུང་གི་ལོངས་སྤྱོད་ལ་རོལ་བ་ཡིན་པ་རེད་འདུག

 

 

 

 

 

 

 

ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༧/༡༡/༢༠

Leave a Reply