རྒྱ་གར་སྲིད་འཛིན་གྱི་གཟིཊ་སྐོར་ལ་ངོ་རྒོལ་བྱས།

རྒྱ་གར་གྱི་སྲིད་འཛིན་རཱམ་ནཱ་ཐི་ཀོ་ཝིན་ཌི་མཆོག་ཨ་རུ་ན་ཅལ་ནང་གཟིགས་སྐོར་དུ་ཕེབས་པར་བརྟེན་རྒྱ་ནག་གཞུང་གིས་ས་མཚམས་རྩོད་རྙོག་ཆེ་རུ་གཏོང་བཞིན་ཡོད་པའི་ངོ་རྒོལ་སྐྱོན་བརྗོད་བྱས་འདུག

རྒྱ་གར་ཧིན་རྡུ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་རྒྱ་གར་གྱི་སྲིད་འཛིན་རཱམ་ན་ཐི་ཀོ་ཝིན་ཌི་(Ram Nath Kovind)མཆོག་ཨ་རུ་ན་ཅལ་མངའ་སྡེར་མཚམས་གཟིགས་སུ་ཕེབས་ཡོད་སྟབས། ཁ་སང་རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གཉིས་བར་གྱི་ས་མཚམས་རྩོད་རྙོག་ཐོག་གྲོས་མོལ་བྱ་རྒྱུ་གལ་གནད་དུ་གྱུར་ཡོད་པའི་སྐབས་འདིར། རྒྱ་གར་གཞུང་གིས་ས་མཚམས་རྩོད་རྙོག་ཆེ་རུ་གཏོང་བཞིན་པའི་ངོ་རྒོལ་སྐྱོན་བརྗོད་བྱས་འདུག

དེ་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལོ་ཁཱང་གིས། ཕྱོགས་གཉིས་ནས་ངོས་ལེན་བྱ་ཐུབ་པའི་ཐག་གཅོད་ཅིག་ལེན་ཐུབ་པར་གྲོས་མོལ་བྱེད་དགོས་པ་མ་ཟད། མཐའ་མའི་ཐག་གཅོད་ནི་རྒྱལ་ཁབ་གཉིས་བར་ཞི་བདེ་དང་ལྷིང་འཇགས་ཡོང་བ་ཞིག་ཡིན་དགོས། རྒྱ་དཀར་ནག་གཉིས་བར་གྱི་ས་མཚམས་རྩོད་རྙོག་གནད་འགག་ལ་ཐུག་སྐབས། རྒྱ་གར་གྱི་མགོ་འཁྲིད་ཚོས་རྩོད་རྙོག་ཆེ་བའི་ས་མཚམས་སུ་རྩོད་རྙོག་དང་འབྲེལ་བའི་ལས་རིགས་སྤེལ་བར་རྒྱ་ནག་གཞུང་གིས་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད།  ང་ཚོའི་རེ་བར་རྒྱ་གར་གཞུང་གིས་ས་མཚམས་རྩོད་རྙོག་འགྲིག་མཐུན་ཡོང་ཐབས་སུ་བཟང་ཕྱོགས་ཀྱི་གནང་བབ་བསྐྲུན་པའི་ཐོག མ་འོངས་པར་འབྲེལ་མོལ་བརྒྱུད་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐབས་ཀྱི་སྣང་བརྙན་གཙོ་བོར་འཛིན་དགོས་པ་གལ་ཆེན་ཆགས་ཡོད། ཅེས་དང་། ང་ཚོའི་ས་མཚམས་རྩོད་རྙོག་གི་ལངས་ཕྱོགས་སྔར་བཞིན་བརྟན་པོ་དང་གསལ་པོ་ཡིན། ཞེས་བརྗོད་འདུག

རྒྱ་ནག་གཞུང་གིས་རྒྱུན་དུ་རྒྱ་གར་གྱི་གནད་ཡོད་ཆབ་སྲིད་མི་སྣ་རྣམས་ཨ་རུ་ན་ཅལ་དུ་ཕྱོགས་སྐྱོད་ལ་ཕེབས་སྐབས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༦ ཉིན་རྒྱ་གར་བདེ་སྲུང་བློན་ཆེན་ལྕམ་ནཱར་མ་ལ་སི་ཐཱ་རཱ་མན་(Nirmala Sitharaman)ལགས་ཀྱིས་ཁུལ་དེར་ཕྱོགས་སྐྱོད་གནང་སྐབས་རྒྱ་ནག་གཞུང་གིས་ངོ་རྒོལ་སྐྱོན་བརྗོད་བྱས་ཡོད་པ་རེད། ཡིན་ནའང་། རྒྱ་ནག་གཞུང་གིས་དགག་བྱ་ཤུགས་ཆེན་བྱས་མིན་ལ་མ་ལྟོས་པར་རྒྱ་གར་གཞུང་གིས་ཨ་རུ་ན་ཅལ་ནི་ཁ་བྲལ་ཐབས་མེད་པའི་རང་གི་ཆ་ཤས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད།  རྒྱ་གར་གྱི་དཔོན་རིགས་ཚོ་ས་ཁུལ་གཞན་ལས་ཀྱང་ཨ་རུ་ན་ཅལ་ནང་རང་དབང་དང་གུ་ཡངས་ཐོག་ཕྱོགས་ཕེབས་གནང་ཆོག་གི་ཡོད་འདུག

རྒྱ་གར་ཧིན་རྡུ་གསར་ཁང་གི་གནས་ཚུལ་ལྟར་ན།  རྒྱ་དཀར་ནག་གཉིས་བར་ས་ཆ་ལེ་བར་ ༣༤༨༨ ཐོག་ས་མཚམས་རྩོད་རྙོག་འབྱུང་གི་ཡོད་པ་དང་། རྩོད་རྙོག་འགྲིག་མཐུན་ཡོང་ཐབས་སུ་རྒྱལ་ཁབ་གཉིས་ཀྱི་དམིགས་བསལ་སྐུ་ཚབ་བར་དེ་སྔོན་གྲོས་མོལ་ཐེངས་ ༡༩ བྱུང་ཡོད་པ་དང་། འབྱུང་འགྱུར་གྱི་གྲོས་མོལ་ཐེངས་ ༢༠ པ་དེ་ཟླ་རྗེས་མའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོགས་འཆར་ཡོད་པ་དང་། འབྲེལ་མོལ་དེ་རྒྱ་གར་བདེ་འཇགས་ལྷན་ཁང་གི་ལམ་སྟོན་པ་ཨ་ཇི་ཊི་ཌོའོ་ཝེལ་(Ajit Doval)ལགས་དང་། རྒྱ་ནག་བདེ་འཇགས་ལྷན་ཁང་གི་ལམ་སྟོན་པ་ཡཱང་ཅི་ཀྲི་(Yang Jiechi)གཉིས་ཀྱིས་སྣེ་འཁྲིད་བྱ་རྒྱུ་ཡིན་འདུག

གསར་འགོད་པ།  སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༡༡/༢༡

Leave a Reply