དྲ་རྒྱའི་ཞིབ་བཤེར་དཔོན་པོར་ཞིབ་བཤེར་བྱས།

སྒྲིག་འགལ་གྱི་ཉེས་མིང་འོག་རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་གི་མགོ་འཁྲིད་གཞོན་པ་ལོའུ་ཝེ་དང་འབྲེལ་ཡོད་ལས་བྱེད་བརྒྱད་བཀག་ཉར་འདྲི་གཅོད་བྱེད་བཞིན་ཡོད་འདུག

དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་ (CCDI) གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། དབུས་དྲིལ་བསྒྲགས་ལྷན་ཁང་ (PDCPC) གི་མགོ་འཁྲིད་གཞོན་པ་དང་། རྒྱ་ནག་རྒྱལ་ཁབ་ཀྱི་དྲ་རྒྱའི་གཞུང་སྒྲུབ་ཁང་ (CAC) གི་མགོ་འཁྲིད་ལོའུ་ཝེ་ (Lu Wei) ཡིས། ཏང་གི་སྒྲིག་ཁྲིམས་ལ་རྩིས་མེད་རྡོག་རོལ་ཚབས་ཆེན་བཏང་ཡོད་སྟབས། ཉིན་འགའི་སྔོན་ནས་བཟུང་ཁོ་དང་ཁོའི་ནང་མི། ལས་རོགས་བཅས་མི་བརྒྱད་འཛིན་བཟུང་བྱས་ཏེ་འདྲི་གཅོད་བྱེད་བཞིན་ཡོད། ཅེས་བརྗོད་འདུག

དེ་སྔོན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་ལོའུ་ཝེ་ཡིས། ངས་རྒྱ་ནག་ནང་ངོ་དེབ་བཀོལ་སྤྱོད་བྱས་ཆོག་དང་མི་ཆོག་གི་སྐད་ཆ་གང་ཡང་བཤད་མེད། ཕྱིའི་རྒྱལ་ཁབ་ཀྱི་དྲ་རྒྱའི་ཚོང་གཉེར་ཁང་དག་གིས་རྒྱ་ནག་གི་འཕྲུལ་ལས་ཁྲོམ་རར་ཚོང་འབྲེལ་མ་བྱས་སྔོན་ལ་རྒྱ་ནག་གི་ཁྲིམས་དང་སྒྲིག་སྲོལ་ལ་བསྟུན་ཤེས་བྱེད་དགོས། ཞེས་བརྗོད་ཡོད་པ་དང་། སྐད་ཆ་དེ་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་གི་བརྒྱུད་ལམ་དམ་དྲག་ལ་སྐྱོན་བརྗོད་ཤུགས་ཆེན་ཡོང་གི་ཡོད་པ་དེར་བརྡ་ལན་གྱི་ཚུལ་དུ་བཤད་པ་ཞིག་ཡིན་འདུག

ཕྱི་ལོ་ ༢༠༡༦ ཟླ་ ༦ ནང་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས། དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་དང་འགལ་བའི་ཉེས་མིང་འོག ལོའུ་ཝེ་རྒྱ་ནག་རྒྱལ་ཁབ་ཀྱི་དྲ་རྒྱ་དོ་དམ་གཞུང་སྒྲུབ་ཁང་ནས་ཕྱིར་འཕུད་བཏང་ཡོད་ཀྱང་། སྐབས་དེར་ཁོའི་དབུས་དྲིལ་བསྒྲགས་ལྷན་ཁང་གི་མགོ་ཁྲིད་གཞོན་པའི་གོ་གནས་རང་སོར་བཞག་ཡོད་པ་རེད། འོན་ཀྱང་། ཉིན་འགའི་སྔོན་ལ་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་ཞིབ་བཤེར་མི་སྣས་ལོའུ་ཝེ་དང་ཁོའི་དྲུང་ཆེ། རླངས་འཁོར་ཁ་ལོ་བ། དེ་བཞིན་ལོའུ་ཝེ་དང་འབྲེལ་ཡོད་དཔོན་རིགས་གཉིས་བཅས་འཛིན་བཟུང་བྱས་ཡོད་པ་རེད།

ལོའུ་ཝེ་ཟེར་བ་དེ་ཕྱི་ལོ་ ༢༠༡༣ ནས་ ༢༠༡༦ བར་རྒྱ་ནག་རྒྱལ་ཁབ་དྲ་རྒྱ་དོ་དམ་གཞུང་སྒྲུབ་ཁང་གི་མགོ་འཁྲིད་དུ་བསྐོ་བཞག་བྱས་ཡོད་པ་དང་། ཁོས་ཞི་ཅིན་ཕིན་གཞུང་གི་དྲ་རྒྱའི་བདེ་སྲུང་ལས་དོན་ལག་བསྟར་བྱས་ཏེ། རྒྱ་ནག་ནང་མི་མང་ས་ཡ་ ༧༣༠ ལྷག་གི་དྲ་ལམ་སྟངས་འཛིན་བྱས་ཡོད་པར་མ་ཟད། འདས་པའི་ལོ་ངོ་འདི་དག་རིང་ལོའུ་ཝེ་ནི་ཕྱིའི་རྒྱལ་ཁབ་ཁག་གི་འཕྲུལ་ལས་ཚོང་གཉེར་ཁང་མང་པོས་རྒྱ་ནག་གི་འཕྲུལ་ལས་ཁྲོམ་རར་ཚོང་འབྲེལ་བྱེད་སའི་སྒོ་སྲུང་བ་ལྟ་བུ་ཞིག་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༡/༢༣

Leave a Reply

One thought on “དྲ་རྒྱའི་ཞིབ་བཤེར་དཔོན་པོར་ཞིབ་བཤེར་བྱས།

  1. ལས་གནས་འདི་འདྲ་བེད་སྐྱོད་གནང་མཁན་ཞིག་ཡིན་དུས་ངེས་པར་ཞིབ་བཤེར་བྱེད་ངས་རེད་ལ་ལས་དོན་མང་པ་ཡོང་རྒྱུ་ཡོད་པ་གསལ་བོ་རེད། ཡང་ཁུག་པ་ཞིག་གིས་རྐུབ་རལ་འདུག་ཡག་ཤོས་རེད་ད་དུང་འདི་འདྲ་གསལ་བོ་བཟོ་དགོས་པ་ཡང་ནི་རེད་ཡ།