སྲིད་འཛིན་གྱིས་རྩ་དགོངས་ཞུས་པར་མི་མང་གིས་དགའ་འབོད་བྱས།

ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཛིམ་བྷ་བྷེའི་སྲིད་འཛིན་མོ་གྷ་བྷི་ཡིས་ལོ་ངོ་༣༧ རིང་སྲིད་དབང་བཟུང་སྟེ་འཛམ་གླིང་གི་སྲིད་འཛིན་རྒན་ཤོས་དེ་ཆགས་ཡོད་འདུག

ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཛིམ་བྷ་བྷེའི་ནང་སྲིད་འཛིན་འཕོ་འགྱུར་གྱི་ཆབ་སྲིད་རྙོག་ཟིང་དང་མི་མང་གི་གནོན་ཤུགས་འོག མདང་དགོང་ཡུལ་དེའི་རང་ལོ་ ༩༣ ཡིན་པའི་སྲིད་འཛིན་མོ་གྷ་བྷི་(Robert Mugabe)ཡིས་སྲིད་འཛིན་གྱི་ལས་གནས་ནས་རྩ་དགོངས་ཞུས་པ་དང་། ཁོའི་རྩ་དགོངས་ཞུ་ཡིག་ཡོངས་བསྒྲགས་བྱས་རྗེས། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་མང་པོའི་ནང་མི་མང་གིས་གཞས་སྣ་འཁྲབ་སྟོན་དང་དགའ་འབོད་སྤྲོ་ཚོགས་ཀྱི་བྱ་འགུལ་སྤེལ་ཡོད་འདུག

མདང་དགོང་ཛིམ་བྷ་བྷེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཇོ་ཁོབ་མོ་ཌིན་དཱ་(Jacob Mudenda)ཡིས་་གྲོས་ཚོགས་ནང་དུ། སྲིད་འཛིན་མོ་གྷ་བྷི་ཡི་རྩ་དགོངས་ཞུ་ཡིག་སྒྲོག་སྦྱངས་བྱེད་སྐབས། ཡུལ་དེའི་མི་མང་ཧ་སང་དུ་བཅུགས་ཡོད་པ་མ་ཟད། མདང་དགོང་མཚན་དཀྱིལ་དུ་མི་མང་འཕོན་ཆེན་སྲང་ལམ་དུ་འདུ་འཛོམས་ཀྱིས་དཀྲོལ་རྡུང་རོལ་གསུམ་གྱི་དགའ་སྟོན་བྱས་ཡོད་པ་དང་། དེ་བཞིན། གཞུང་འཛིན་སྲིད་དོན་ཚོགས་པ་དང་ཁ་གཏད་ཚོགས་པ་གཉིས་ཀར་དགའ་མགུ་བྱུང་ཡོད་འདུག

སྲིད་འཛིན་མོ་གྷ་བྷིའི་རྩ་དགོངས་ཞུ་ཡིག་ནང་། ང་ལ་ད་ལྟའི་བར་དུ་རང་ཉིད་ཀྱི་སྲིད་དོན་ཚོགས་པ་དང་། དམག་མི། དེ་བཞིན། མི་མང་བཅས་ཀྱིས་སྲིད་སྟེགས་ལས་རྩ་དགོངས་ཞུ་དགོས་པའི་གནོན་ཤུགས་སྤྲད་སྟབས། ད་ལྟ་ངས་དང་བླངས་ཐོག་རྩ་དགོངས་ཞུས་ཏེ། ཞི་བའི་ངང་གཞུང་འདིའི་སྲིད་དབང་འཕོ་འགྱུར་གཏོང་རྒྱུ་ཡིན། ཞེས་བཀོད་ཡོད་པ་དང་། ཁོས་རྩ་དགོངས་ཞུས་པར་བརྟེན་ཁོ་ལ་ཁྲིམས་ཆད་གཅོད་པའི་འཆར་གཞི་ཞིག་བཟོས་ཡོད་པ་དེ་རྩིས་མེད་བཏང་ཡོད་འདུག

དེ་སྔོན་སྲིད་འཛིན་རོ་བྷར་ཊི་མོ་གྷ་བྷི་ཡིས། དཀོན་མཆོག་ཁོ་ན་མ་གཏོགས་ང་སྲིད་དབང་ལས་ཕྱིར་འཕུད་གཏོང་ཐུབ་མཁན་མེད། ཅེས་བརྗོད་མྱོང་ཡོད་པ་དང་། ཁོས་ལོ་ངོ་ ༣༧ རིང་རྒྱལ་ཁབ་ཀྱི་སྲིད་དབང་བཟུང་བའི་ཁྲོད། མི་མང་པོ་ཞིག་གིས་སྲིད་འཛིན་མོ་གྷ་བྷི་ནི་ཨ་ཧྥེ་རི་ཁའི་རང་བཙན་རྩོད་ལེན་བྱེད་མཁན་དཔའ་བོ་ཞིག་ཏུ་བརྩི་ཡི་ཡོད་པ་དང་། ཡང་མི་ཁག་ཅིག་གིས་ཁོ་ནི་འཇིགས་ཉེན་འོག་གི་སྲིད་དབང་སྒེར་གཅོད་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། ཁོས་དེ་སྔོན་ཁས་ལེན་དམ་བཅས་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡང་རྩ་རྒུད་དུ་གཏོང་ཉེན་ཆེ་བ་སོགས་ཀྱི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

ལས་འགུལ་བ་དང་ཆབ་སྲིད་མི་སྣ་ཝིམ་བྷ་ཤི་མཱོ་སི་ཝ་བྷོ་རེ་(Vimbaishe Musvaburi)ལགས་ཀྱིས། ང་ཚོ་མི་དེ་ལ་ཡིད་ཐང་ཆད་སོང་བས། ད་ལྟ་ཁོ་སྲིད་སྟེགས་ལས་བུད་པར་དགའ་ཚོར་ཆེན་པོ་བྱུང་། དེ་རིང་ང་ཚོར་རྒྱལ་ཁ་ཐོབ་སོང་། ཞེས་བརྗོད་ཡོད།

གཞུང་འཛིན་སྲིད་དོན་ཚོགས་པའི་མགྲིན་ཚབ་པས། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༩ པའི་ནང་སྲིད་འཛིན་འོས་བསྡུ་མ་བྱས་བར་དུ། སྲིད་འཛིན་གཞོན་པ་སྐུ་ཞབས་ཨེ་མར་ཟན་(Emmerson Mnangagwa)གྱིས་སྲིད་འཛིན་གྱི་འགན་འཁུར་རྒྱུ་ཡིན་པ་མ་ཟད། ཁོས་དེ་རིང་ནས་སྲིད་འཛིན་གྱི་དམ་འབུལ་མཛད་སྒོ་འཚོགས་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

ཛིམ་བྷ་བྷེའི་གཞུང་གི་བཅའ་ཁྲིམས་ལྟར་ན། ལས་ཐོག་སྲིད་འཛིན་ལས་གནས་ནས་འཁྱོལ་རྗེས། སྲིད་འཛིན་གཞོན་པས་སྲིད་འཛིན་གྱི་གོ་དབང་རྒྱུན་སྐྱོང་དགོས་ཀྱི་ཡོད་ཀྱང་། ཟླ་འདིའི་ཟླ་མགོར་ཛིམ་བྷ་བྷེའི་སྲིད་འཛིན་གཞོན་པ་སྐུ་ཞབས་ཨེ་མར་ཟན་(Emmerson Mnangagwa)དང་། སྲིད་འཛིན་གྱི་ལྕམ་གྷི་རེ་སི་མཱོ་གྷ་བྷི་(Grace Mugabe)གཉིས་ཀྱི་བར་སྲིད་འཛིན་གྱི་གོ་དབང་འཕྲོད་རྩོད་བྱུང་སྟེ། སྲིད་འཛིན་མོ་གྷ་བྷི་གཞུང་གིས་སྲིད་འཛིན་གཞོན་པ་ཨེ་མར་ཟན་ལགས་ཕྱིར་འཕུད་བཏང་སྟེ་རྒྱལ་ཁབ་གཞན་ལ་བྲོས་བྱོལ་དུ་འགྲོ་དགོས་འཁེལ་ཡོད་པ་དང་། ཕྱི་ཚེས་ ༡༤ ཉིན་སྐུ་ཞབས་ཨེ་མར་ཟན་གྱི་རྒྱབ་སྐྱོར་དམག་སྡེ་(ZDF)ཡར་ལངས་བྱས་ཏེ་ཛིམ་བྷ་བྷེ་གཞུང་གི་སྲིད་དབང་འཕྲོག་པ་མ་ཟད། སྲིད་འཛིན་མོ་གྷ་བྷི་བཟང་བཙོན་དུ་བཅུགས་ཏེ་མཐར་འུ་ཐུག་ཐབས་ཟད་ཀྱི་ཐོག་ནས་རྩ་དགོངས་ཞུས་ཡོད་པ་རེད།

དེ་སྔོན་སྲིད་འཛིན་གཞོན་པ་ཨེ་མར་ཟན་གནས་དབྱུང་བཏང་སྟེ་ལྷོ་ཨ་ཧྥེ་རི་ཁར་བྲོས་བྱོལ་དུ་ཕྱིན་རྗེས། ཁོས་ཛིམ་བྷ་བྷེའི་མི་མང་ལ་སྐད་ཞིག་བསྐུར་ཡོད་པའི་ནང་། ང་ཚོ་ཛིམ་བྷ་བྷེའི་མི་མང་མཐུན་སྒྲིལ་བྱས་ཏེ་རྒྱལ་ཁབ་སླར་གསོ་བྱ་ཆོག ང་ཚོས་ཞི་བའི་ངང་མཉམ་དུ་དམངས་གཙོའི་གཞི་རྩ་བརྟན་པོ་ཞིག་བཙུགས་ཏེ། ཞི་བདེ་དང་མཐུན་སྒྲིལ་གོང་མཐོར་བཏང་ནས་རྒྱལ་ཁབ་གསར་པ་ཞིག་ཏུ་བསྒྱུར་ཆོག ཅེས་སོགས་བརྗོད་པ་དང་། ཨེ་མར་ཟན་ནི་ཆབ་སྲིད་པ་གནག་པོ་ཞིག་ཡིན་སྟབས། ཁོའི་མཚང་མིང་ལ་ཆུ་སྲིན་ཞེས་འབོད་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༡༡/༢༢

Leave a Reply

One thought on “སྲིད་འཛིན་གྱིས་རྩ་དགོངས་ཞུས་པར་མི་མང་གིས་དགའ་འབོད་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    སྲིད་འཛིན་ཁོང་མི་སྤྱང་པོ་ཞིག་རེད་འདུག་དེ་མིན་དུས་རབས་ཀྱི་རྗེས་མ་ཟིན་པའི་མི་གླེན་པ་དང་ལྐུག་པ་མང་པོ་ཞིག་གི་རང་ཉིད་ཕུང་བས་མ་ཟད་ལྟོ་ཚང་གི་དཔེ་ལྟར་མི་བཟོ་བའི་ངེས་པ་མི་འདུག་གོ་