འདྲ་མཉམ་གྱི་སྤྱི་ཚོགས་སྐྲུན་པའི་ཐབས་ལམ་ཉག་གཅིག་ནི་ཤེས་ཡོན་གྱི་གོ་སྐབས་སྤྲད་རྒྱུ་དེ་ཡིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་གནའ་རབས་ལེགས་བཤད་དག་གིས་འཛམ་གླིང་སྤྱི་ལ་ཞབས་འདེགས་རྒྱ་ཆེན་པོ་ཞིག་ཞུ་བར་ཐོག་མར་ལེགས་བཤད་དེ་དག་རྒྱ་གར་རང་ཉིད་ནང་སླར་གསོ་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ནས་བཟུང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གཙོས་ཨོ་དི་ས་དང་ནུབ་བྷང་གྷལ་ནང་མཛད་འཕྲིན་སྐྱོང་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢༣ ཉིན་ནུབ་བྷང་གྷལ་གྱི་རྒྱལ་ས་ཀོལ་ཀ་ཏར་རྟེན་གཞི་བྱས་པའི་རྒྱ་གར་ཚོང་པའི་ལྷན་ཚོགས་ (Indian Chamber of Commerce )སུ། རྒྱ་གར་གནའ་རབས་ཀྱི་རིག་གནས་སླར་གསོའི་ (Revival of Ancient Indian Knowledge) སྐོར་བཀའ་སློབ་བཀའ་དྲིན་སྐྱོང་བཞིན་ཡོད་པ་དང་། མཛད་འཆར་ལྟར་ན་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཕྱིར་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ལྡི་ལིར་ཡོད་པའི་གྷན་ཌེ་ཝི་སལ་ཝན་སློབ་གྲྭའི་(Gyan Devi Salwan Public School )དགེ་ལས་སློབ་ཕྲུག་རྣམས་ལ་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པ་གཙོ་བོར་གྱུར་བའི་ལེགས་བཤད་དེ་དག་སླར་གསོ་དགོས་གལ་ཆེ་སྐོར་བཀའ་སློབ་བསྩལ་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་རྒྱ་གར་ལ་མཚོན་ན་ཆོས་དད་ཙམ་མིན་པར་སྲོལ་རྒྱུན་ལམ་ནས་འགྲོ་བ་མིའི་རྣམ་དཔྱོད་ཡར་རྒྱས་གཏོང་རྒྱུའི་ནུས་པ་ཧ་ཅང་ལྡན་ཡོད། རྒྱ་གར་གནའ་རབས་ཀྱི་བློའི་རྣམ་གཞག་དང་རྣམ་རྟོག་རིགས་འདྲ་མིན་ཡོད་པ་དེ་དག་ལ་གཉེན་པོ་བསྟེན་ཕྱོགས་ཀྱི་ལེགས་བཤད་དེ་དག་ཆོས་ཁས་ལེན་མིན་དང་ཆོས་ལུགས་ཇི་ཡིན་ཁྱད་གང་ཡང་མེད་པའི་ཐོག་ནས་ཐུན་མོང་གིས་སློབ་སྦྱོང་བྱེད་ཐུབ་པ་ཞིག་དང་། དེ་བརྒྱུད་འགྲོ་བ་མིའི་རིགས་སྤྱིའི་བདེ་སྡུག་དང་ད་ལྟའི་འཛམ་གླིང་གི་གནས་སྟངས་ཐོག་ནས་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་འདི་ངོས་རང་གི་ཉམས་མྱོང་ཐོག་ནས་བརྗོད་ཐུབ། དེར་བརྟེན་འཛམ་གླིང་སྤྱི་ལ་ཞབས་འདེགས་རྒྱ་ཆེན་པོ་ཞིག་ཞུ་བར་ཐོག་མར་ལེགས་བཤད་དེ་དག་རྒྱ་གར་རང་ཉིད་ནང་སླར་གསོ་བྱ་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། ད་ཆ་གནའ་རབས་ཀྱི་ལེགས་བཤད་སྤྱི་དང་ལྷག་པར་ཚད་མ་རིག་པའི་རྣམ་གཞག་ལ་ཁྱེད་རང་ཚོས་སློབ་སྦྱོང་བྱ་དགོས་པའི་དུས་ལ་བབ་འདུག ཆོ་ག་ཕྱག་ལེན་ཙམ་དང་ཞལ་འདོན་བཏོན་པ་ཙམ་གྱིས་འདང་གི་མེད། ཅེས་གསུངས་འདུག

ཕྱི་ཚེས་ ༡༩ ཉིན་ཉམ་ཐག་བྱིས་པ་སྲུང་སྐྱོབ་ཚོགས་པ་འཛུམ་མདངས་ཐེབས་རྩ་ཁང་(Smile Foundation)ལ་ཧིན་སྒོར་འབུམ་ ༡༢༥ གསོལ་བསྩལ་མཛད་པ་དང་འབྲེལ། དབུལ་ཕྱུག་བར་ཁྱད་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་གཟིགས་སྐབས་ཐུགས་འཚབ་ཧ་ཅང་ཡོང་བཞིན་པ་དང་། བར་ཁྱད་དེ་དག་ཉུང་དུ་གཏོང་ཆེད་བྱིས་པ་ཉམ་ཐག་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་སྤྲད་པ་བརྒྱུད་འདྲ་མཉམ་བཟོ་ཐུབ་རྒྱུ་ཡིན་ལ། འདྲ་མཉམ་གྱི་སྤྱི་ཚོགས་སྐྲུན་རྒྱུའི་ཐབས་ལམ་ཉག་གཅིག་ནི་ཤེས་ཡོན་གྱི་གོ་སྐབས་སྤྲད་རྒྱུ་དེ་ཡིན་སྟབས། བྱིས་པ་ཉམ་ཐག་ཚོ་སྤོབས་པ་ནམ་ཡང་ཞུམ་མི་རུང་སྐོར་བཀའ་སློབ་བསྩལ་འདུག་ལ། ཉམ་ཐག་བྱིས་སྐྱོང་ཚོགས་པ་དེས་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་ ༢༥ ནང་གི་གྲོང་གསེབ་སྐྱོ་བོ་གྲངས་ ༩༥༠ གཙོ་བོར་གྱུར་བའི་ས་ཁུལ་གཞན་ཁག་ཅིག་ནས་ལོ་ལྟར་ལས་འཆར་འདྲ་མིན་ཁག་ ༢༠༠ བང་སྒྲིག་སྟེ་ཉམ་ཐག་བྱིས་པ་དང་ཁྱིམ་ཚང་གྲངས་ ༤༠༠ ༠༠༠ ལ་རོགས་རམ་གནང་བཞིན་ཡོད་འདུག

ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོར་ཨོ་གླིང་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ལ་མཇལ་ཁ་དང་བཀའ་སློབ་གནང་གྲུབ་རྗེས། ཨོ་ཌི་ས་མངའ་སྡེའི་ནང་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཕྱི་ཚེས་ ༢༡ ཉིན་ཀ་ལིངྷ་སྤྱི་ཚོགས་ཚན་རིག་བསྟི་གནས་ཁང་(Kalinga Institute of Social Sciences) དང་། ཀ་ལིངྒ་འཕྲུལ་རིགས་སྦྱོང་བརྡར་མཐོ་སློབ་ KIITཁང་གཉིས་ཀྱི་ནང་ཆིབས་བསྒྱུར་གྱིས་བླང་དོར་བཀའ་སློབ་གནང་ཡོད་པ་དང་། ཀ་ལིངྒ་སྤྱི་ཚོགས་ཚན་རིག་བསྟི་གནས་ཁང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འགྲོ་བ་མིའི་བཟང་སྤྱོད་ཀྱི་གཟེངས་རྟགས་ཐེངས་ ༡༠ (10th KISS Humanitarian Award )པ་འབུལ་ལམ་ཞུས་ཡོད་འདུག

ཉིན་དེར་ཨོ་ཌི་ས་ཕུན་ཚོགས་གླིང་མི་མང་ ༡༥༠༠ བརྒལ་བར་བླང་དོར་བཀའ་སློབ་གནང་སྐབས། དེ་རིང་འདིར་ཨོ་ཌི་ཤ་སློབ་གྲྭ་ཞིག་ཏུ་སྐད་བཏང་བ་ལྟར་འདིར་འབྱོར་བ་རེེད། ངོས་ཀྱིས་བར་སྐབས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲོ་རྒྱུ་དཔེར་ན། ཨ་རི་ལྟ་བུ་ཡིན་ན་ཆུ་ཚོད་ ༡༥།༡༦ རིང་གནམ་གྲུའི་ནང་འགྲོ་དགོས་ཀྱི་ཡོད། དེ་བཞིན་ཡུ་རོབ་དང་ཉི་ཧོང་དུ་འགྲོ་རྒྱུར་གང་ཙམ་ཐག་རིང་པོ་འདུག   ལོ་ཡར་རྒས་ཡོང་སྐབས་ཐང་ཆད་རྒྱུ་ཕྲན་བུ་ཤུགས་ཆེ་རུ་འགྲོ་གི་འདུག དེར་བརྟེན་ཕར་ཚུར་ཐག་རིང་པོ་འགྲོ་རྒྱུར་ཕྱོགས་གཅིག་ནས་ཐང་ཆད་ཀྱི་འདུག   གཉིས་ནས་ཆོས་དང་རིག་གཞུང་མི་འདྲ་བ་ཞིག་ཆགས་ཡོད། དེ་ལས་རྒྱ་གར་ནི་ནང་པའི་ལུང་པ་མིན་ནའང་ནང་ཆོས་རྒྱ་གར་ནས་དར་བ་རེད།   ལྷག་པར་དཔལ་ནཱ་ལེནྡཱའི་མཁས་པའི་དབང་པོ་དེ་དག་རྒྱ་གར་བ་ཤ་སྟག་ཆགས་ཡོད།  ང་རང་ཚོ་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་བསྟན་པ་རིགས་པའི་ལམ་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ།   གང་ལྟར་འཛམ་གླིང་འདིའི་སྟེང་ངོམ་ཆོག་པའི་ནང་པའི་ལྟ་གྲུབ་འདི་རྒྱ་གར་ནས་བྱུང་བ་རེད།  རྒྱ་གར་བ་མི་དུང་ཕྱུར་བཅུ་གྲངས་ཀྱི་བསམ་བློ་ནང་དུ་ནང་ཆོས་ཟེར་ན་ཐག་རིང་པོ་གང་ཡང་མེད་སྟབས།     རྒྱ་གར་གྱི་གནའ་རབས་ཤེས་ཡོན་སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་རིག་གནས་དེ་དག་འགྲེལ་བཤད་རྒྱག་དུས་རྒྱུ་མཚན་གྱི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ། མདོར་ན་གཏན་ཚིགས་རིག་པའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་སྟབས། འདི་ནི་རྒྱ་གར་རང་གི་ཕ་མེས་ཀྱི་ཤེས་ཡོན་སྡེ་ཚན་ཞིག་ཆགས་ཡོད། འདི་རྒྱ་གར་ནང་ཤུགས་རྒྱག་ཐུབ་ན་བསམས་ནས་ངོས་ཀྱི་རེ་བ་རྒྱག་གི་ཡོད། ངོས་ཀྱིས་བར་སྐབས་རྒྱ་གར་གྱི་སློབ་གྲྭ་ཆེ་ཁག་དེ་འདྲ་དང་ཤེས་ཡོན་ཅན་དང་མཉམ་དུ་འཚོགས་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད།   དེ་རིང་འདིར་ཡོང་རྒྱུ་དེ་ཡང་གཙོ་བོ་རྒྱ་གར་གྱི་གནའ་རབས་ཀྱི་ཤེས་ཡོན་ལ་དོ་སྣང་གསར་པ་སླེབ་རྒྱུ་དང་བསྐྱར་གསོ་བྱེད་ཐུབ་རྒྱུར་ངོས་ཀྱིས་རེ་བ་རྒྱག་གི་ཡོད། ཅེས་དང་། དེང་སང་འཛམ་གླིང་ནང་མིས་བཟོས་པའི་དཀའ་ངལ་མང་པོ་ཞིག་ཡོང་གི་ཡོད་པ་དེ་ཚོ་མིས་སེལ་ཐབས་དགོས་སྐོར་བཀའ་སློབ་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བཏུས།

བསྐྱར་བཅོས།: ༢༠༡༧/༡༡/༢༣

Leave a Reply