རོ་ཧིན་གྷ་ཡའི་སྐྱབས་བཅོལ་བ་ཕྱིར་ལོག་གཏོང་རྒྱུ་རེད།

རོ་ཧིན་གྷ་ཡའི་སྐྱབས་བཅོལ་བ་ཚོ་འབར་མའི་ནང་ཕྱིར་ལོག་རྒྱུར་འདོད་པ་ཡོད་མེད་ལ་མ་ལྟོས་པར་འབར་མ་དང་བྷང་ལ་དེ་ཤི་གཉིས་ཀྱིས་ཁོང་ཚོ་ཕྱིར་ལོག་གཏོང་རྒྱུའི་གྲོས་ཆོད་བཞག་འདུག

སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་འབར་མ་དང་བྷང་ལ་དེ་ཤི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་ཁ་ཤས་འབར་མའི་རྒྱལ་ས་ནེ་པ་ཡི་ཌའོ་ཡི་ (Naypyidaw) ནང་འཛོམས་ཏེ། བྷང་ལ་དེ་ཤི་ནང་ཡོད་པའི་རོ་ཧིན་གྷ་ཡའི་སྐྱབས་བཅོལ་བ་རྣམས་ཕྱིར་འབར་མའི་ནང་ལོག་གཏོང་རྒྱུའི་གྲོས་ཆོད་བཞག་ཡོད་པ་དང་། ཚོགས་འདུ་དེར་འབར་མའི་སློབ་སྟོན་པ་ལྕམ་ཨང་སན་སུའུ་སྐྱིད་དང་བྷང་ལ་དེ་ཤིའི་ཕྱི་དྲིལ་བློན་ཆེན་མཱ་ཧོ་མོཊ་ཨ་ལི་ (A.H Mahmood Ali) ལགས་གཉིས་ཀྱང་མཉམ་ཞུགས་གནང་ཡོད་འདུག

ཚོགས་འདུའི་རྗེས་ཀྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་བྷང་ལ་དེ་ཤིའི་ཕྱི་དྲིལ་བློན་ཆེན་ཨ་ལི་ལགས་ཀྱིས། འདི་ནི་ང་ཚོའི་ལས་གཞིའི་གོམ་པ་དང་པོ་དེ་ཡིན། སྐྱབས་བཅོལ་བ་དེ་དག་རང་ཁྱིམ་དུ་ཕྱིར་ལོག་གཏོང་རྒྱུ་ཡིན། ད་ནི་ང་ཚོས་ལས་ཀ་དངོས་སུ་མགོ་འཛུགས་དགོས་པ་རེད། ཅེས་བརྗོད་འདུག་ལ། དེ་བཞིན་ཨང་སན་སུ་སྐྱིད་ལགས་ཀྱི་མགྲིན་ཚབ་པས་ཕྱོགས་གཉིས་ནས་གྲོས་ཆོད་དེ་དག་ལ་མོས་མཐུན་བྱུང་སོང་། ཞེས་བརྗོད་པ་ཙམ་ལས། གནས་སྟངས་ག་འདྲ་ཞིག་གི་འོག་ནས་རོ་ཧིན་གྷ་ཡའི་མི་མང་རྣམས་ཕྱིར་ལོག་གཏོང་རྒྱུ་ཡིན་མིན་དང་། སྐྱབས་བཅོལ་བ་དེ་ཚོ་ཕྱིར་འགྲོ་འདོད་ཡོད་མེད། གལ་སྲིད་ཕྱིར་ལོག་འདོད་ཡོད་ནའང་འབར་མ་གཞུང་གིས་ག་ཚོད་ཅིག་དང་ལེན་བྱ་རྒྱུ་ཡིན་མིན་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་གང་ཡང་འགྲེལ་བརྗོད་བྱས་མེད་པ་རེད།

ཡུ་རོབ་ལ་ཡོད་པའི་རོ་ཧིན་གྷ་ཡའི་ལས་འགུལ་བ་རོ་ནེ་སན་ལ་ཝིན་ (Ro Nay San Lwin) ཟེར་བ་ཞིག་གིས། སྐྱབས་བཅོལ་བ་དེ་དག་ལ་འབར་མ་གཞུང་གིས་མི་སེར་ཐོབ་ཐང་ལག་འཁྱེར་དང་མིའི་གཞི་རྩའི་ཐོབ་ཐང་སྤྲོད་རྒྱུ་དང་ལེན་མ་བྱས་བར་དུ། བྷང་ལ་དེ་ཤི་རྒྱལ་ཁབ་ཀྱིས་སྐྱབས་བཅོལ་བ་དེ་དག་ཕྱིར་ལོག་གཏོང་རྒྱུ་ཡོད་པ་མ་རེད། ཅེས་བརྗོད་ཡོད་པ་རེད།

ཡང་དབྱིན་ཡུལ་དུ་ཡོད་པའི་རོ་ཧིན་གྷ་ཡའི་ལས་འགུལ་བ་ཇ་མི་ལ་ཧ་ནན་ (Jamila Hanan) ཟེར་བ་ཞིག་གིས། སྐྱབས་བཅོལ་བ་དེ་དག་ལ་འབར་མ་གཞུང་གིས་མི་སེར་ལག་འཁྱེར་མ་སྤྲད་བར་དུ། བྷང་ལ་དེ་ཤི་རྒྱལ་ཁབ་ནས་ཕྱིར་ལོག་གཏོང་རྒྱུ་ཡོད་པ་མ་རེད། ཕྱིར་ལོག་བྱས་རྗེས་འབར་མའི་དམག་གིས་ཁོང་ཚོའི་སྟེང་སླར་ཡང་དྲག་རྒོལ་གྱི་བྱ་སྤྱོད་སྤེལ་སྲིད་པ་ཞིག་རེད། ཅེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་༡༥ ཉིན་འབར་མའི་དམག་སྤྱི་བགྲེས་པ་མེན་ཨང་ཧ་ལ་ཡེང་ (Min Aung Hlaing) གིས་། འབར་མ་གཞུང་གིས་སྐྱབས་བཅོལ་བ་དེ་དག་ཕྱིར་རང་གི་རྒྱལ་ཁབ་ཏུ་ལེན་རྒྱུ་ཡིན་ཡང་། བྷང་ལ་དེ་ཤི་རྒྱལ་ཁབ་ཀྱིས་ད་ལྟ་རྗོད་བཞིན་པའི་རོ་ཧིན་གྷ་ཡའི་སྐྱབས་བཅོལ་བ་ཡིན་ཟེར་བ་ཐམས་ཅད་དང་ལེན་བྱེད་ཁག་པོ་ཆགས་བསྡད་ཡོད་སྐོར་བརྗོད་འདུགབརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ད་ལོའི་ཕྱི་ཟླ་༨ ཚེས་༢༥ ནས་འབར་མའི་ར་ཀེན་མངའ་སྡེའི་ནང་དྲག་རྒོལ་བྱུང་ཡོད་པ་དང་། ད་ལྟའི་བར་བྷང་ལ་དེ་ཤི་རྒྱལ་ཁབ་ནང་འབར་མའི་རོ་ཧིན་གྷ་ཡ་མི་གྲངས་ ༦༡༥༠༠༠ ཙམ་སྐྱབས་བཅོལ་དུ་སླེབས་ཡོད་པ་མ་ཟད། སྐྱབས་བཅོལ་བ་དེ་ཚོར་འབར་མའི་དམག་གིས་ཁོང་ཚོའི་མི་རིགས་སྡེབ་གསོད་དང་། བུད་མེད་རྣམས་ལ་བཙན་གཡེམ། དེ་བཞིན་ས་ཁང་རྣམས་མེར་བསྲེགས་བཏང་བ་སོགས་ཡ་ང་བའི་དཀའ་སྡུག་བྱུང་ཡོད་པ་རེད།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༡/༢༤

Leave a Reply