རྒྱ་ནག་རྐང་སྤོལ་རུ་ཁག་གི་རྩེད་འགྲན་རྩིས་མེད་བཏང་།

རྐང་སྤོལ་རྩེད་ཐང་མཁྲིས་སུ་བོད་ཀྱི་རྒྱལ་དར་འཕྱར་བར་ཁ་གཡར་ཏེ་རྒྱ་ནག་རྐང་སྤོལ་རུ་ཁག་གིས་འཇར་མན་ནང་གི་རྐང་སྤོལ་རྩེད་འགྲན་གྱི་ལས་རིམ་ཡོངས་རྫོགས་རྩིས་མེད་བཏང་ཡོད་འདུགཉེ་ཆར་འཇར་མན་ནང་རྒྱ་ནག་གི་སྐྱེས་པའི་རྐང་སྤོལ་རུ་ཁག་(Under 20)གི་རྩེད་འགྲན་མགོ་འཛུགས་སྐབས། ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་རྩེད་ཐང་ཉེ་འཁྲིས་སུ་བོད་དར་འཕྱར་ཏེ་ངོ་རྒོལ་བྱས་པ་དེར་ཁ་གཡར་ཏེ། རྒྱ་ནག་རུ་ཁག་གིས་རྐང་སྤོལ་རྩེད་འགྲན་གྱི་ལས་རིམ་ཡོངས་རྫོགས་རྩིས་མེད་བཏང་བ་ཡིན་སྐོར་བསྒྲགས་འདུག

ཞི་རྒོལ་བྱུང་སྐབས་རྒྱ་ནག་གི་མགྲིན་ཚབ་པ་ལོའུ་ཁང་ཟེར་བ་དེས། བོད་ཀྱི་གནད་དོན་ནི་རྒྱ་ནག་གི་རྩ་བའི་ཁེ་ཕན་དང་མི་རིགས་བར་གྱི་མཛའ་བརྩེར་འབྲེལ་བ་ཆགས་ཡོད་ལ། གནའ་སྔ་མོ་ནས་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ཤེས་གསལ་ཡིན་སྟབས། རྒྱལ་ཁབ་དང་ཚོགས་སྡེ། མི་སྒེར་སུ་ཞིག་གིས་བོད་རང་བཙན་གྱི་ལས་འགུལ་བར་རྒྱབ་སྐྱོར་བྱས་ནས་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། རྩེད་འགྲན་གོ་སྒྲིག་གནང་མཁན་རྒྱལ་ཁབ་ཀྱིས་མགྲོན་པོར་བརྩི་བཀུར་དགོས་པ་རེད། ཅེས་བརྗོད་ཡོད་པ་མ་དང་། ཁ་སང་རྒྱ་ནག་རྐང་སྤོལ་རྩེད་འགྲན་ཚོགས་པས་ལས་འགུལ་བ་ཁག་ཅིག་གིས་བོད་རང་བཙན་གྱི་དར་ཆ་འཕྱར་ཏེ་ངོ་རྒོལ་བྱས་པར་བརྟེན། འཇར་མན་ནང་གི་རྩེད་འགྲན་ལས་རིམ་ཡོངས་རྫོགས་མེད་པ་བཟོས་ཏེ་ཕྱིར་རྒྱ་ནག་ནང་ལོག་འགྲོ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

བདུན་སྔོན་མའི་ནང་འཇར་མན་རྐང་སྤོལ་མཐུན་ཚོགས་ཀྱིས། འདི་ལོའི་ལོ་མཇུག་མ་རྫོགས་གོང་ལ་རྒྱ་ནག་རྐང་སྤོལ་རུ་ཁག་གིས་འཇར་མན་རྐང་སྤོལ་རུ་ཁག་རྣམས་དང་ལྷན་དུ་རྩེད་འགྲན་ཐེངས་གསུམ་བྱེད་པའི་དུས་ཚོད་བགོས་ཡོད་ཀྱང་། ད་ལྟ་རྒྱ་ནག་གིས་རྩེད་འགྲན་དེ་དག་རྩིས་མེད་བྱ་རྒྱུ་ཡིན་འདུག  ཅེས་བརྗོད་ཡོད་པ་རེད།

ན་ནིང་འཇར་མན་དང་རྒྱ་ནག་གཉིས་བར་རྐང་སྤོལ་རྩེད་འགྲན་གྲོད་ཆོད་བཞག་སྟེ། འདི་ལོའི་ཕྱི་ཟླ་ ༡༡ པ་ནས་ལོ་རྗེས་མའི་ཕྱི་ཟླ་ ༥ བའི་བར་རྒྱ་ནག་དང་འཇར་མན་བར་རྐང་སྤོལ་འགྲན་བསྡུར་བྱ་རྒྱུའི་འཆར་གཞི་བཟོས་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཞིས་བོད་ཀྱི་རྒྱལ་དར་འཁུར་ཏེ་རྒྱ་ནག་རྐང་སྤོལ་རུ་ཁག་ལ་ཞི་རྒོལ་བྱས་ཏེ་རྩེད་འགྲན་གནས་སྐབས་མཚམས་འཇོག་བྱུང་བ་དང་། འཇར་མན་གྱི་ཆབ་སྲིད་པ་དང་རྐང་སྤོལ་མཐུན་ཚོགས་བཅས་ཀྱིས། རྐང་སྤོལ་རྩེད་ཐང་དུ་རྒྱལ་དར་འཁྱེར་ཡོང་བ་ནི་ཆབ་སྲིད་མ་ཡིན་པར་ཁྲིམས་མཐུན་ཞིག་ཆགས་ཡོད་སྟབས། ཞི་རྒོལ་བཀག་སྡོམ་བྱ་ཐབས་མེད་སྐོར་བརྗོད་པ་དེར་རྒྱ་ནག་གཞུང་ཁོང་ཁྲོ་ལངས་ཏེ། འཇར་མན་དང་མཉམ་དུ་བཞག་ཡོད་པའི་རྐང་སྤོལ་རྩེད་འགྲན་ཕྱིར་འཐེན་བྱས་ཡོད་འདུག

གསར་འགོད་པ།  སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༡༡/༢༧

Leave a Reply

One thought on “རྒྱ་ནག་རྐང་སྤོལ་རུ་ཁག་གི་རྩེད་འགྲན་རྩིས་མེད་བཏང་།

  1. ཨ་ཙི་རྒྱ་དམར་འདི་སྙིང་རྗེ་བ་ལ། མི་ལ་རླུང་སྟོན་པ་མ་ཚད་ བོད་ཀྱི་རྒྱལ་དར་ལ་རླུང་སྟོན། ཧ ཧ བོད་དེ་རྒྱཡི་ཆ་ཤས་ སྔ་མོ་ག་དུས་ནས་རེད། …………….