ཐའེ་ཝན་གྱི་མི་སེར་ལ་རྒྱ་གཞུང་གིས་ཁྲིམས་ཐག་བཅད།

རྒྱ་ནག་གཞུང་གིས་ཐེངས་དང་པོར་ཐའེ་ཝན་གྱི་དམངས་གཙོ་དོན་གཉེར་བ་ལུའུ་མིན་ཀྲིས་ཐའེ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་གཏོར་བཤིག་དང་དམར་ཤོག་གཞུང་གི་སྲིད་དབང་མགོ་རྟིང་སློག་རྩིས་བྱས་པའི་ཉེས་མིང་འོག་ལོ་ལྔ་ཡི་ཁྲིམས་ཐག་བཅད་ཡོད་འདུག

ཧོང་ཀོང་རང་དབང་གསར་ཁང་གི་གནས་ཚུལ་ལྟར་ན། ཁ་སང་རྒྱ་ནག་ལྷོ་རྒྱུད་ཧུའུ་ནན་ཞིང་ཆེན་ཡེ་ཡཱང་ (Yueyang) གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་དེས། ཐའེ་ཝན་གྱི་དམངས་གཙོ་དོན་གཉེར་བ་ལུའུ་མིན་ཀྲི་ (Lee Ming-cheh) ཡིས། ཐའེ་རྒྱ་གཉིས་བར་གྱི་འབྲེལ་ལམ་ལ་གཏོར་བཤིག་བཏང་བ་དང་། རྒྱ་ནག་དམར་ཤོག་གཞུང་གི་སྲིད་དབང་མགོ་རྟིང་སློག་རྩིས་བྱས་པའི་ཉེས་མིང་གཡོགས་ཏེ་ལོ་ལྔ་ཡི་ཁྲིམས་ཐག་བཅད་ཡོད་འདུག དེ་ནི་པེ་ཅིན་གཞུང་གིས་ཐའེ་ཝན་གྱི་མི་སེར་ཞིག་ལ་ཉེས་འཛུགས་ཁྲིམས་ཐག་བཅད་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། ཐའེ་ཝན་དམངས་གཙོའི་གཞུང་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་གཉིས་ཀྱིས་པེ་ཅིན་གཞུང་གི་ཁྲིམས་ཆད་དེ་ནི་དྲང་བདེན་མིན་པ་དང་ངོས་ལེན་བྱེད་ཐབས་མེར་སྐོར་བརྗོད་ཡོད་འདུག

ལྕམ་ཚའེ་ཡེན་ཝན་སྲིད་འཛིན་ལས་ཁུངས་ནས་གསལ་བསྒྲགས་ཤིག་སྤེལ་ཏེ། ང་ཚོས་པེ་ཅིན་གཞུང་ལ་ལུའུ་མིན་ཀྲི་བཙོན་གྲོལ་བཏང་སྟེ་མྱུར་དུ་ཐའེ་ཝན་ལ་ལོག་ཏུ་འཇུག་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད། ལུའུ་མིན་ཀྲི་ཡི་གནད་དོན་ལ་བརྟེན་ནས་ཐའེ་རྒྱ་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་ཚབས་ཆེན་ཕྱིན་ཡོད་པ་དེར་ང་ཚོ་བློ་ཕམ་བྱུང་། ཞེས་བརྗོད་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་ཞིབ་འཇུག་པ་ཝེ་ལིམ་ནི་ (William Nee) ཡིས་ཧོང་ཀོང་རང་དབང་གསར་ཁང་གི་གསར་འགོད་པར། དེ་རིང་རྒྱ་ནག་གཞུང་གིས་སྐུ་ཞབས་ལུའུ་མིན་ཀྲི་ལ་ཁྲིམས་ཐག་བཅད་པ་དེ་ནི་དྲང་བདེན་མིན་པའི་ཉེས་སྤྱོད་ཚབས་ཆེན་ཞིག་རེད། ལུའུ་མིན་ཀྲི་ཡིས་ཞི་བའི་སྒོ་ནས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ལོ་རྒྱུས་རང་བཞིན་གྱི་དམངས་གཙོའི་འཕེལ་རིམ་དང་། ད་ལྟའི་རྒྱ་ནག་ནང་གི་དམངས་གཙོའི་དཀའ་རྙོག་སྐོར་ལ་གོ་བསྡུར་བྱས་པ་ནི་བཙོན་འཇུག་བྱེད་དགོས་པའི་ཉེས་དོན་ཞིག་མིན་པར་བརྟེན། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ལུའུ་མིན་ཀྲི་ཡི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱེད་དགོས། ཞེས་བརྗོད་འདུག

ཡེ་ཡཱང་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁ་པར་ལམ་ནས་ལུའུ་མིན་ཀྲི་ཡི་བཟའ་ཟླ་ལུའུ་ཁྲིན་ཡེ་ (Lee Ching-yu) ལ་ཁྲིམས་བཤེར་ཐོག་མཉམ་ཞུགས་བྱེད་དགོས་ལུགས་བཤད་པ་ལྟར། ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་འཐུས་མི་ཟུར་བ་ལྕམ་ཝང་ལི་ཕིན་ (Wang Li-ping) གྱིས་ལྕམ་ལུའུ་ཁྲིན་ཡེ་ལ་འགྲོ་རོགས་བྱས་ནས་ཡོང་སྐབས། ཧོང་ཀོང་གྲོང་ཁྱེར་ནས་རྒྱ་ནག་གཞུང་གིས་ལྕམ་ཝང་ལི་ཕིན་ཐའེ་ཝན་ལ་ཕྱིར་འཕུད་བཏང་ཡོད་འདུག

རྒྱལ་སྤྱིའི་ཉེ་ཡངས་ཚོགས་པའི་ཞིབ་འཇུག་ལྟར་ན། ལུའུ་མིན་ཀྲི་ནི་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པ་ (DPP) དང་ཐའེ་ཝན་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ (NGO) ཀྱི་ཚོགས་མི་ཟུར་པ་ཞིག་ཡིན་པ་དང་། ཉེ་ལམ་ཁོས་རྒྱ་ནག་སྐམ་ས་ཆེན་མོའི་གྲོགས་པོ་སྐོར་ཞིག་ལ་དྲ་ལམ་ནས་ཐའེ་ཝན་གྱི་དམངས་གཙོའི་འཕེལ་རིམ་ལ་གཞིགས་ནས་རྒྱ་ནག་གི་དམངས་གཙོ་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་གོ་བསྡུར་བྱས་པ་དང་། ཐའེ་ཝན་གྱི་དམངས་གཙོའི་འཕེལ་རིམ་སྐོར་གྱི་དཔེ་དེབ་མང་པོ་ཞིག་དྲ་གྲོགས་དེ་ཚོར་མཁོ་སྤྲོད་བྱས་པའི་རྐྱེན་གྱིས། ད་ལོའི་ཕྱི་ཟླ་ ༣ པའི་ཟླ་མཇུག་ཙམ་ལ་ཁོང་རྒྱ་ནག་སྐམ་ས་ཆེན་མོའི་ནང་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་སྐབས་ཨོ་མན་གྲོང་ཁྱེར་ནས་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་པ་དང་། ཕྱིས་སུ་ཐའེ་ཝན་གཞུང་གིས་རྩད་གཅོད་བྱས་སྐབས། པེ་ཅིན་གཞུང་གིས་ལུའུ་མིན་ཀྲི་ཡིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་པའི་དོགས་གཞི་ཡོད་པས། ད་ལྟ་ཁོ་ལ་ཞིབ་བཤེར་བྱེད་བཞིན་ཡོད་པའི་བརྡ་ལན་སྤྲད་ཡོད་འདུག

གཞན། གནས་ཚུལ་འདིའི་ནང་། ཡེ་ཡཱང་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་དེས། ལུའུ་མིན་ཀྲི་དང་མཉམ་དུ་ད་དུང་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཕིང་ཡེ་ཧྭ་ (Peng Yuhua) ཞུ་བ་ཞིག་ལའང་དམར་ཤོག་གཞུང་གི་སྲིད་དབང་མགོ་རྟིང་སློག་རྩིས་བྱས་པའི་ཉེས་མིང་འོག་ལོ་བདུན་གྱི་ཁྲིམས་ཐག་བཅད་པ་དང་། ཁོའི་ལོ་གཉིས་ཀྱི་ཆབ་སྲིད་ཁེ་དབང་མེད་པ་བཟོས་ཡོད་སྐོར་འཁོད་འདུག

ཕྱི་ལོ་ ༢༠༡༦ ལོར་ལྕམ་ཚའེ་ཡེན་ཝན་ལ་ཐའེ་ཝན་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་རྗེས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཞུང་གིས་རྒྱ་ནག་རྒྱལ་ཁབ་གཅིག་གི་རྩ་འཛིན་ཟེར་བ་དེ་བསྐྱར་དུ་བཏོན་ཏེ། ཐའེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཡིན་ལུགས་བཤད་ཡོད་ཀྱང་།  ལྕམ་ཚའེ་ཡེན་ཝན་གཞུང་གིས་རྒྱ་ནག་རྒྱལ་ཁབ་གཅིག་གི་རྩ་འཛིན་དེ་ལ་ངོས་ལེན་བྱས་མེད་སྟབས། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོ་ནས་ཞི་ཅིན་ཕིན་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དོན་གཉེར་བ། ཁོ་ཚོའི་ནང་མི་དང་འབྲེལ་མི་སྣ་མང་པོར་སྒྲིག་འགལ་དང་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་སྣ་ཚོགས་བཙུགས་ཏེ་འཛིན་བཟུང་དྲག་གནོན་ཤུགས་ཆེན་བྱེད་བཞིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༡/༢༩

Leave a Reply

One thought on “ཐའེ་ཝན་གྱི་མི་སེར་ལ་རྒྱ་གཞུང་གིས་ཁྲིམས་ཐག་བཅད།

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    སྐུ་ངོ་ཞི་ཅིན་ཕིན་ལགས། དྲང་པོ་མ་བྱེད་ན་་་ ཆོས་ ཁས་བླངས་ན་ མ་བླངས་ན་ཅིག་པ་རེད་ཏོ།