ཡེ་ཤུའི་ཆོས་དཔོན་མཆོག་གིས་འབར་མའི་ནང་གཟིཊ་སྐོར་ཐོག་མ་གནང་།

ཡེ་ཤུའི་ཆོས་དཔོན་ཕོབ་མཆོག་གིས་འབར་མ་དང་བྷང་ལཱ་ཌི་ཤིའི་ནང་ལོ་རྒྱུས་རང་བཞིན་ལྡན་པའི་གཟིགས་སྐོར་གནང་བཞིན་ཡོད་པ་དང་འབྲེལ་རོ་ཧིན་གྷ་ཡའི་ཚོགས་པ་ཞིག་ལའང་ཐུག་འཕྲད་གནང་རྒྱུ་ཡིན་འདུག

རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་འབར་མ་གཞུང་གིས་རོ་ཧིན་གྷ་ཡ་ཁ་ཆེ་གྲངས་ཉུང་མི་རིགས་ལ་དྲག་གནོན་བྱེད་ཀྱིན་ཡོད་སྐོར་བརྗོད་དེ། འབར་མ་རྒྱལ་ཁབ་ཀྱི་སློབ་སྟོན་པ་ལྕམ་ཨང་སན་སུའུ་སྐྱིད་དང་གཞུང་འཛིན་པར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་པའི་སྐབས་དང་བསྟུན། ཁ་སང་ཡེ་ཤུའི་ཆོས་དཔོན་ཕོབ་ཧྥི་རན་ཁུ་སི་(Francis)མཆོག་འབར་མའི་ནང་གཟིགས་སྐོར་དུ་ཕེབས་ཏེ། འབར་མའི་དྲག་དམག་སྲིད་གཞུང་གི་མགོ་འཁྲིད་མཱེན་ཨང་ལིན་(Min Aung Hlaing)དང་ཐུག་འཕྲད་གནང་ཡོད་པ་དང་། སྐབས་དེར་མཱེན་ཨང་ལིན་གྱིས་འབར་མའི་ནང་ཆོས་ལུགས་དབྱེ་འབྱེད་ཀྱི་ལས་རིགས་གཅིག་ཀྱང་མེད་པ་མ་ཟད་ཆོས་ལུགས་རང་དབང་སྔར་བཞིན་ཡོད་སྐོར་ཞུས་ཡོད་པ་རེད།

དེ་སྔོན་ཡེ་ཤུའི་ཆོས་དཔོན་ཕོབ་མཆོག་གིས་རྒྱལ་སྤྱིའི་སྲིད་གཞུང་དང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་པའི་ཚོགས་སྡེ་ཁག་ལ་ནན་སྐུལ་བྱས་ཏེ་རཱོ་ཧིན་གྷ་ཡ་ཁ་ཆེ་གྲངས་ཉུང་མི་རིགས་ལ་དྲག་གནོན་བྱེད་ཀྱི་ཡོད་པའི་ཐད་འབར་མ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་ཀྱང་། ཐེངས་འདིའི་གཟིགས་སྐོར་ཁྲོད་ཆོས་དཔོན་མཆོག་གིས་རཱོ་ཧིན་གྷ་ཡའི་དཀའ་རྙོག་སྐོར་ལ་གནས་ཚུལ་གཅིག་ཀྱང་ཕྱིར་བསྒྲགས་གནང་མེད་པ་རེད།

ཆོས་དཔོན་ཕོབ་མཆོག་གི་མཛད་འཆར་ལྟར་ན། དེ་རིང་ལྕམ་ཨང་སན་སུའུ་སྐྱིད་དང་ཐུག་འཕྲད་གནང་རྗེས། འབར་མའི་ཁྱིམ་མཚེས་རྒྱལ་ཁབ་བྷང་ལཱ་ཌི་ཤིའི་ནང་ཕེབས་རྒྱུ་ཡིན་པ་མ་ཟད། ཡུལ་དེའི་ནང་སྐྱབས་བཅོལ་དུ་ཡོད་པའི་རོ་ཧིན་གྷ་ཡའི་ཚོགས་སྡེ་ཆུང་ཆུང་ཞིག་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཐུག་འཕྲད་གནང་འཆར་ཡོད་འདུག

དེ་སྔོན་ཡེ་ཤུའི་ཆོས་དཔོན་ཕོབ་མཆོག་གིས་འབར་མ་གཞུང་གིས་རོ་ཧིན་གྷ་ཡའི་གཅུང་པོ་དང་གཅུང་མོ་རྣམ་པ་ཞེས་ཁོང་ཚོར་དྲག་གནོན་མཚམས་འཇོག་བྱ་དགོས་སྐོར་གསུངས་ཡོད་ཀྱང་། འབར་མའི་ཡེ་ཤུའི་སྐུ་ཚབ་དོན་ཁང་གིས་ཆོས་དཔོན་མཆོག་གི་ཐེངས་འདིའི་གཟིགས་སྐོར་སྐབས་རོ་ཧིན་གྷ་ཡ་ཞེས་པའི་ཚིག་དེ་བེད་སྤྱོད་གཏང་ན། དེས་ས་གནས་མི་མང་གི་སེམས་ཁམས་ལ་གནོན་ཤུགས་སྤྲོད་སྲིད་སྟབས་བེད་སྤྱོད་མ་གཏོང་རོགས་ཞེས་སྔོན་བརྡ་བཏང་ཡོད་སྟབས། ཨེ་ཊི་ལིའི་ཝ་ཊི་ཁེན་གྲོང་ཁྱེར་གྱི་མགྲིན་ཚབ་པ་གྷེརེ་གྷ་བྷོ་ཁི་(Greg Burke)ལགས་ཀྱིས། ཆོས་དཔོན་མཆོག་གིས་སྐུ་ཚབ་དོན་ཁང་གི་ལམ་སྟོན་གནང་བ་ལྟར་རོ་ཧིན་གྷ་ཡའི་ཚིག་དེ་ནན་ཏན་གྱིས་སེམས་ལ་ཉར་ཡོད་པ་མ་ཟད། ཚིག་དེ་གླེང་མི་ཆོག་པའི་ཚིག་ཞིག་མིན་ཡང་། ང་ཚོས་གཟིགས་སྐོར་སྐབས་གནས་སྟངས་ལ་བལྟ་ཆོག་ཅེས་ཞུས་ཡོད་སྐོར་བརྗོད་འདུག

འབར་མ་གཞུང་གིས་རོ་ཧིན་གྷ་ཡ་ཞེས་པའི་ཚིག་དེ་བེད་སྤྱོད་གཏོང་གི་མེད་པ་མ་ཟད། དེའི་ཚབ་དུ་བྷན་གྷལ་སི་(Bengalis)ཞེས་རོ་ཧིན་གྷ་ཡ་ནི་བྷང་ལཱ་ཌི་ཤི་ནས་ཁྲིམས་འགལ་ཐོག་འབར་མའི་ནང་གནས་སྤོར་བྱས་པའི་ཕྱི་མིར་ངོས་འཛིན་བྱས་ཏེ། འབར་མའི་གྲངས་ཉུང་མི་རིགས་ཀྱི་ཁོངས་གཏོགས་སུ་རྩི་ཡི་མེད་ཀྱང་། བྷང་ལཱ་ཌི་ཤི་ཡིས་རོ་ཧིན་གྷ་ཡ་ཁོ་ཚོའི་མི་སེར་མིན་སྐོར་རྗོད་བཞིན་ཡོད་པ་རེད། ཡིན་ནའང་། འདི་ལོའི་ཕྱི་ཟླ་ ༨ པའི་ནང་ནས་བཟུང་ད་ལྟའི་བར་རོ་ཧིན་གྷ་ཡའི་སྐྱབས་བཅོལ་བ་འབུམ་ ༦ ལྷག་བྷང་ལཱ་ཌི་ཤི་ནང་བྲོས་བྱོལ་དུ་ཕྱིན་ཡོད་པ་དང་། ཉེ་སྔོན་རྒྱལ་ཁབ་གཉིས་བར་གྲོས་ཆོད་ཅིག་བཞག་སྟེ་སྐྱབས་བཅོལ་བ་དེ་ཚོ་འབར་མའི་ནང་ཕྱིར་ལོག་གཏོང་རྒྱུ་ཡིན་ལུགས་བསྒྲགས་ཡོད་ཀྱང་། གནས་སྟངས་ག་འདྲ་ཞིག་གི་འོག་ནས་ཕྱིར་ལོག་གཏོང་རྒྱུ་ཡིན་པ་དང་། མི་ག་ཚོད་ཅིག་ཕྱིར་ལོག་གཏོང་རྒྱུ་ཡིན་མིན་སོགས་ཁ་གསལ་མེད་པ་རེད།

རྒྱ་ནག་ལྷོད་རྒྱུད་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་ལྕམ་ཨང་སན་སུའུ་སྐྱིད་དང་འབར་མའི་ཕྱི་སྲིད་བློན་ཆེན་གཉིས་རྒྱ་ནག་གི་ཚད་མཐོའི་འཛམ་གླིང་སྲིད་དོན་ཚོགས་པའི་ཚོགས་ཆེན་ཐོག་མཉམ་ཞུགས་བྱ་རྒྱུ་ཡིན་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་པེ་ཅིན་དུ་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་དང་འབར་མའི་དྲག་དམག་གཞུང་གི་མགོ་འཁྲིད་བར་ཐུག་འཕྲད་བྱས་ཏེ། འབར་མའི་ནང་གི་བརྟན་ལྷིང་དང་བདག་དབང་ལ་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་རོགས་རམ་དང་། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་མུ་མཐུད་ཡར་རྒྱས་གཏོང་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༡༡/༢༨

Leave a Reply