༧གོང་ས་མཆོག་དང་ཨོ་བྷ་མ་མཇལ་འཕྲད་གནང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག་རྣམ་གཉིས་མཇལ་འཕྲད་གནང་སྟེ་འཛམ་གླིང་སྒང་གི་དཀའ་རྙོག་ཚང་མ་མིས་བཟོས་པ་ཡིན་པས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་དཀའ་རྙོག་སེལ་དགོས་སྐོར་བཀའ་བསྡུར་གནང་འདུག

དེ་རིང་ཞོགས་པའི་ཆུ་ཚོད་ ༧ པ་ཡོལ་དུ་༧གོང་ས་རྒྱལ་བ་རིན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གྱིས། གྷ་གྷལ་གནམ་ཐང་བརྒྱུད་རྒྱ་གར་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་དེ། ཞོགས་པའི་ཆུ་ཚོད་ ༡༠ ཙམ་ལ་རྒྱལ་ས་ལྡི་ལིའི་མུར་ཡཱ་ (ITC Maurya) གསོལ་མགྲོན་ཁང་དུ་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། དུས་ཡུན་སྐར་མ་ ༤༥ ཙམ་རིང་དབུ་འཁྲིད་རྣམ་གཉིས་ནས་འཛམ་གླིང་སྒང་འདིར་མི་གསོད་ཁྲག་སྦྱོར་གྱི་མཚོན་པའི་དཀའ་རྙོག་མང་པོ་ཡོང་གི་ཡོད་པ་དེ་དག་འཚེ་མེད་ཞི་བ་དང་གྲོས་མོལ། བྱམས་བརྩེ་གོང་འཕེལ་སོགས་བརྒྱུད་ནས་སེལ་ཐབས་དགོས་པའི་སྐོར་ལ་བཀའ་བསྡུར་གནང་ཡོད་པ་རེད།

ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་ལྡི་ལིའི་མཁའ་ལམ་བརྒྱུད་ཕྱིར་གྷ་གྷལ་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཧིན་བོད་གསར་འགོད་པ་ཚོར། ཨ་རིའི་སྲིད་འཛིན་ཨོ་བྷ་མ་སྔོན་མ་ནས་ངོས་ཀྱི་ངོ་ཤེས་པ་ཡིན་པར་མ་ཟད། དངོས་གནས་བློ་ཐུབ་གྲོགས་པོ་ཆགས་བསྡད་ཡོད། ཁོང་གིས་རྫིག་པོ་དང་སྤམ་པོ་དེ་འདྲ་བྱེད་ཀྱི་མ་རེད། ངོས་རང་ཕར་འགྲོ་རྒྱུར་གཟུགས་པོའི་གནས་སྟངས་སོགས་གང་གི་ཆ་ནས་ཡིན་ནའང་ཁག་པོ་ཆགས་བསྡད་ཡོད། ཁོང་འདིར་རྒྱ་གར་ནང་སླེབས་བསྡད་ཡོད་པ་རེད། དེར་བརྟེན་ངོས་རང་བློས་ཐུབ་གྲོགས་པོར་ཐུག་རྒྱུའི་འདོད་པ་བྱུང་། ངོས་རང་གཉིས་ཐུག་ནས་ད་ལྟ་འཛམ་གླིང་སྒང་འདིར་མི་གསོད་ཀྱི་དཀའ་ངལ་ཞེ་དྲགས་མང་པོ་ཡོང་གི་ཡོད་པ་དང་། དེ་ཚང་མ་མིས་བཟོས་པ་ཡིན་སྟབས། ང་ཚོ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་དཀའ་ངལ་དེ་དག་སེལ་བའི་སྐོར་ལ་བཀའ་མོལ་བྱུང་། ཁོང་ད་ལྟ་ངོས་རང་ལས་གཞོན་པ་རེད། སྤྱིར་བཏང་རྒན་པ་རྣམས་སྔོན་ལ་འགྲོ་བ་དང་གཞོན་པ་རྣམས་རྗེས་སུ་ཡོང་གི་རེད། ཡིན་ཡང་དེ་ལ་ཏན་ཏན་ཡོད་པ་མ་རེད། ཅེས་གསུངས་སོང་།

ཐེངས་འདིའི་མཇལ་འཕྲད་ནི་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨོ་བྷ་མ་མཆོག་གི་ཨ་རིའི་སྲིད་འཛིན་ལས་ཡུན་འཁྱུར་རྗེས་ཀྱི་མཇལ་འཕྲད་ཐོག་མ་དེ་ཡིན་པ་དང་།  ཁོང་རྣམ་གཉིས་ཕྱི་ལོ་ ༢༠༠༥ ནས་ད་ལྟ་བར་དུ་ཐེངས་ ༦ ལ་མཇལ་འཕྲད་གནང་མྱོང་ཡོད་པ་རེད།

སྐུ་ཞབས་ཨོ་བྷ་མ་མཆོག་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྩི་བཀུར་ཆེན་པོ་ཞུ་མཁན་ཡིན་པར་མ་ཟད། བོད་ཀྱི་གནད་དོན་སེལ་ཐབས་ཆད་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་དང་། གཉིས་སྨན་དབུ་མའི་ལམ་ནས་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་ཚོའི་བར་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་གནང་དགོས་པའི་རེ་འདུན་ཤུགས་ཆེན་བཏོན་་གནང་ཡོད་པ་རེད།

ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་རྒྱ་ནག་པེ་ཅིན་དུ་སྐུ་ཞབས་ཨོ་བྷ་མ་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཐུག་འཕྲད་གནང་སྟེ། རྒྱལ་ཁབ་གཉིས་ནང་ཞི་བདེ་བརྟན་ལྷིང་ཡོང་ཐབས་སྐོར་ལ་གྲོས་མོལ་གནང་ཡོད་པ་དང་། དེ་རིང་ཚེས་ ༡ ཉིན་གྱི་ཞོགས་པར་སྐུ་ཞབས་ཨོ་བྷ་མ་མཆོག་རྒྱ་ནག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་ཏེ། ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་གནང་ཡོད་པ་དང་། དེའི་རྗེས་རྒྱ་གར་གྱི་སྲིད་བློན་མོ་ཌེ་མཆོག་དང་འབྲེལ་ཡོད་དཔོན་རིགས་ཁག་ཅིག་ལ་མཇལ་འཕྲད་གནང་གི་ཡོད་པ་དང་། རྒྱ་གར་ནང་གི་གཟིགས་སྐོར་གྲུབ་རྗེས་ཧྥ་རན་སིར་ཕེབས་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༢/༠༢

Leave a Reply

2 thoughts on “༧གོང་ས་མཆོག་དང་ཨོ་བྷ་མ་མཇལ་འཕྲད་གནང་།

  1. ནོར་བུ་བཟང་པོ།

    གོང་ས་ལྷ་མི་རྣམ་འདྲེན་༧སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག

  2. ལྷ་སྡེ་གནམ་ལོ་ཡག

    མ་གཞི་ཨ་རིའི་སྲིད་་འཛིན་ཟུར་བ་ཞིག་རྒྱལ་བ་རིན་པོ་ཆེར་མཇལ་འཕྲད་གནང་བ་དེ་ཡག་པོ་རེད། ཡིན་ནའང་། སྲིད་འཛིན་ཟུར་བ་ཁོང་གི་སྤུན་མཆེད་ལ་རྒྱ་དམར་གཞུང་གིས་ཚོང་གི་ཁེ་བཟང་ལོ་མང་སྤྲད་ཡོད་པ་དང་། སྲིད་འཛིན་ཟུར་བ་ཁོང་ནའོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ཞིག་ཡིན་བཞིན་དུ་རྒྱ་དམར་གཞུང་གིས་ནའོ་བྷེལ་ཞི་བདེ་གཟེངས་རྟགས་རེག་མཁན་ལིག་ཞོ་པོ་མཆོག་བཟང་གསོད་བྱས་པར་ཅི་མི་སྙམ་པར་ལྟ་སྐབས། འདི་ལ་ཧ་ཅང་གི་གཟབ་གཟབ་བྱེད་རན་ཡོད་པ་འདྲ། རྒྱུ་མཚན་ནི་རྒྱ་དམར་གཞུང་ལ་རྒྱལ་བ་རིན་པོ་ཆེ་ཡི་མ་འོངས་ཡང་སྲིད་ལས་དམིགས་ས་གཞན་མེད།