ཨ་རིའི་ཕྱི་སྲིད་དྲུང་ཆེ་གནས་དབྱུང་གཏོང་ཉེན་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཊེ་ལར་སོན་གྱི་ཚབ་ཏུ་ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ལས་ཐོག་མཱ་ཡེག་པོམ་པིའོ་བསྐོ་བཞག་བྱ་རྒྱུ་རེད་ཟེར།
 
སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གཞུང་འབྲེལ་སྲི་ཞུ་ལས་བྱེད་ཁ་ཤས་ཤིག་གིས། མ་འོངས་ཟླ་ཤས་ནང་ཚུད་ཨ་རིའི་ཕྱི་སྲིད་བློན་ཆེན་ཊེ་ལར་སོན་ (Rex Tillerson) གྱི་ཚབ་ཏུ་ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ལས་ཐོག་མཱ་ཡེག་པོམ་པིའོ་ (CIA Director Mike Pompeo) བསྐོ་བཞག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ཊི་རུམ་ཕིས་ཨ་རིའི་སྲིད་དབང་བཟུང་རྗེས་ཆེས་མཐོའི་དཔོན་རིགས་ཁག་ཅིག་གནས་དབྱུང་བཏང་སྟེ། ཁོ་རང་གི་བུ་མོ་ཁྱོ་ཤུག་གཉིས་དང་གཉེན་འབྲེལ། དེ་བཞིན་གྲོགས་པོ་ཕྱོགས་གཏོགས་པ་ཁག་ཅིག་ལ་གོ་དབང་མཐོན་པོ་སྤྲད་ཡོད་པའི་སྐྱོན་བརྗོད་ཡོང་གི་ཡོད་པ་རེད།
 
ཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཚོགས་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག གསར་འགོད་པ་ཚོས་སྲིད་འཛིན་ཊི་རུམ་ཕི་ལ་ཨ་རིའི་ཕྱི་སྲིད་དྲུང་ཆེ་བརྗེ་རྒྱུ་ཡིན་པའི་སྐོར་གྱི་གནས་ཚུལ་དེ་བདེན་པ་ཡིན་མིན་དྲིས་པར་ཁོང་གིས། དྲུང་ཆེ་ཊེ་ལར་སོན་འདིར་ཡོད། ཅེས་བརྗོད་ཡོད་པ་ཙམ་ལས་གཞན་གང་ཡང་བརྗོད་མེད་པ་རེད།
 
སྲིད་འཛིན་ཊི་རུམ་ཕིའི་སྐད་ཆ་ལ་གསལ་བཤད་ཀྱི་ཚུལ་དུ་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ས་རཱ་སེན་དྷར་ (Sarah Sanders) གྱིས། སྲིད་འཛིན་ཊི་རུམ་ཕིས་གསུངས་པ་ལྟར། སྐུ་ཞབས་ཊེ་ལར་སོན་འདིར་ཡོད། དྲུང་ཆེ་བརྗེ་རྒྱུའི་སྐོར་ལ་གཞུང་འབྲེལ་གྱི་གསལ་བསྒྲགས་བྱ་རྒྱུ་གང་ཡང་མེད། དྲུང་ཆེ་ཊེ་ལར་སོན་གྱིས་མུ་མཐུད་དེ་ཕྱག་ལས་གནང་གི་རེད། ད་ལྟ་བློན་ཆེན་རྣམས་ཀྱིས་སྲིད་འཛིན་ཊི་རུམ་ཕིས་སྲིད་དབང་བཟུང་སྟེ་གྲུབ་འབྲས་ལྡན་པའི་ལོ་ངོ་ཧྲིལ་པོ་གཅིག་འཁོར་བར་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། གལ་ཏེ་སྲིད་འཛིན་མཆོག་མི་ཞིག་གི་ལས་ཀ་བྱེད་སྟངས་ལ་གདེང་ཚོད་མེད་ན། མི་དེ་ལས་ཁུངས་འདིའི་ནང་སྡོད་བཅུག་གི་མ་རེད། ཅེས་བརྗོད་ཡོད་པ་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་བུད་མེད་ཧི་ཐར་ (Heather) གྱིས་ཀྱང་གནས་ཚུལ་དེ་བདེན་པ་མིན་སྐོར་བརྗོད་ཡོད་པ་རེད།
 
ཨ་རིའི་ཕྱི་སྲིད་དྲུང་ཆེ་བརྗེ་རྒྱུའི་སྐོར་གྱི་གནས་ཚུལ་དེ་ཐོག་མར་ནིའུ་ཡོག་དུས་བབ་གསར་ཁང་གིས་སྤེལ་ཡོད་པ་དང་། གནས་ཚུལ་དེའི་ནང་ཨ་རི་གཞུང་གིས་བདུན་ཕྲག་ཁ་ཤས་ནང་སྐུ་ཞབས་ཊེ་ལར་སོན་ཕྱི་སྲིད་དྲུང་ཆེ་ནས་གནས་དབྱུང་གཏོང་རྒྱུ་ཡིན་པ་དང་། ཊེ་ལར་སོན་ཕྱི་སྲིད་དྲུང་ཆེ་ནས་གནས་དབྱུང་གཏོང་དགོས་དོན་ནི། ཊེ་ལར་སོན་གྱིས་ཨི་རན་ (Iran) རྒྱལ་ཁབ་ཀྱི་རྡུལ་ཕྲན་མཚོན་ཆའི་གྲོས་ཆོད་ཐད་གནོན་ཤུགས་སྤྲོད་ཐུབ་ཀྱི་མེད་པ་མ་ཟད། བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་འགུལ་ལ་ཁ་གཏད་བཅག་སྟེ་འབྲས་བུ་གང་ཡང་འདོན་ཐུབ་ཀྱི་མེད་སྐོར་བརྗོད་དེ། སྲིད་འཛིན་ཊི་རུམ་ཕིས་ཕྱི་སྲིད་དྲུང་ཆེ་ཊེ་ལར་སོན་གྱིས་དུས་ཚོད་འཕྲོ་བརླག་གཏོང་གི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་པ་དང་། ཊེ་ལར་སོན་གྱིས་ཀྱང་སྲིད་འཛིན་ཊི་རུམ་ཕི་ལ་མི་རྒན་བྱིས་བློ་ཅན་ཞེས་དམའ་འབེབས་སྐྱོན་བརྗོད་བྱས་ཡོད་སྐོར་འཁོད་ཡོད་པ་རེད།
 
བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་༦ པའི་ནང་སྲིད་འཛིན་ཊི་རུམ་ཕི་དང་ཊེ་ལར་སོན་གཉིས་ཀྱིས་སོ་དྷི་ཨ་ར་བྷི་ཡ་ (Saudi Arabia) དང་ཀོ་ཊར་ (Qatar) གྱི་སྐོར་ལ་སྐད་ཆ་མི་མཐུན་པ་བཤད་ཡོད་པ་དང་། ཨ་རིས་རྒྱལ་ཕྱིའི་རོགས་དངུལ་སྲིད་ཇུས་ཀྱི་སྒྲོམ་གཞི་གསར་པ་གཏན་འབེབས་བྱེད་སྐབས། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་བར་གླེང་སློང་བྱུང་སྐབས། ཊེ་ལར་སོན་གྱིས་ཊི་རུམ་ཕིའི་རོགས་དངུལ་སྲིད་ཇུས་ཀྱི་གཞི་རྩའི་སྒྲོམ་གཞིར་མོས་མཐུན་མེད་པའི་རྣམ་འགྱུར་བསྟན་ཡོད་འདུག
 
གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། འདས་པའི་ཟླ་ཤས་རིང་སྲིད་འཛིན་ཊི་རུམ་ཕི་དང་སྐུ་ཞབས་མཱ་ཡེག་པོམ་པིའོ་གཉིས་བར་འབྲེལ་ལམ་ཟབ་ཏུ་ཕྱིན་ཡོད་པ་དང་། སྐུ་ཞབས་མཱ་ཡེག་གིས་བདུན་ཕྲག་རེའི་ནང་ཐེངས་གསུམ་དང་ཡང་བཞི་རེར་གསང་བའི་ལས་ཁུངས་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ཡར་ཞུ་བྱེད་དུ་ཡོང་གི་ཡོད་པ་དང་། གལ་ཏེ་ཊི་རུམ་ཕིས་ཕྱི་སྲིད་དྲུང་ཆེའི་གོ་གནས་དེ་སྐུ་ཞབས་པོམ་པིའོ་ལ་སྤྲད་པ་ཡིན་ན་ཁོས་དགའ་བོའི་ངང་ངོས་ལེན་བྱེད་ཀྱི་ཡོད་འདུག
 
སྐུ་ཞབས་ཊེ་ལར་སོན་ད་ལྟ་རང་ལོ་༦༥ ཡིན་པ་དང་། འདི་ལོའི་ཕྱི་ཟླ་༡ པའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་བྱས་ཡོད་པ་དང་། གལ་སྲིད་ཁོང་ཕྱི་སྲིད་དྲུང་ཆེ་ནས་གནས་དབྱུང་གཏང་བ་ཡིན་ན། ཁོང་ནི་ད་ལྟའི་བར་གྱི་ཨ་རིའི་ཕྱི་སྲིད་དྲུང་ཆེ་དུས་ཡུན་ཐུང་ཤོས་དེ་ཆགས་ཀྱི་ཡོད་འདུག
 
ཊི་རུམ་ཕིས་ཨ་རིའི་སྲིད་དབང་བཟུང་རྗེས་གཞུང་གི་ཆེས་མཐོའི་དཔོན་རིགས་ཁག་ཅིག་གནས་དབྱུང་བཏང་སྟེ། ཁོ་རང་གི་བུ་མོ་ཁྱོ་ཤུག་གཉིས་སོགས་ཁོ་རང་གི་ནང་མི་གཉེན་འབྲེལ་དང་ཕྱོགས་གཏོགས་པ་མང་པོ་ཞིག་ལ་གོ་དབང་མཐོ་བོ་སྤྲད་ཡོད་པ་རེད། འདི་ལོའི་ཕྱི་ཟླ་༥ ཚེས་༡༠ ཉིན་ཨ་རིའི་རྒྱལ་ནང་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཇེམ་སི་ཁོ་མཱེ་(James Comey)ཡིས། འདི་ལོའི་ཕྱི་ཟླ་ ༡ ནང་གསང་བའི་ལས་ཁུངས་ཀྱིས་བཏོན་པའི་རྟོག་ཞིབ་སྙན་ཐོ་ཡིས། མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་བཤེར་དབང་ཚད་ལ་དོ་ཕོག་བཏང་ཡོད་སྐོར་བརྗོད་དེ་ཁོང་གནས་དབྱུང་བཏང་ཡོད་པ་དང་། ཕྱི་ཟླ་༡ ཚེས་༣༠ ཉིན་ཨ་རིའི་ཁྲིམས་དཔོན་ལས་ཚབ་ལྕམ་ཤཱ་ལེ་ཡ་ཊི་ (Sally Yates) ཡིས་སྲིད་འཛིན་ཊི་རུམ་ཕི་ཡི་གནས་སྤོའི་སྲིད་ཇུས་ལ་ངོས་ལེན་མ་བྱས་པར་བརྟེན་གནས་དབྱུང་བཏང་ཡོད་འདུག
 
གཞན་ཡང་ཊི་རུམ་ཕིས་སྲིད་དབང་བཟུང་རྗེས་།  སྐུ་ཞབས་ཊོམ་པ་རས་(Tom Price)དང་། སི་བྷས་ཏི་ཡན་གྷར་ཀ། (Sebastian Gorka) ཨིས་ཏིབ་བྷ་ནོན།(Steve Bannon) ཨེན་ཌོ་ནི། (Anthony Scaramucci) རི་ཨེན་སི། (Reince Priebus) ཨེས་སར།(Sean Spicer) མ་ཡེག(Mike Dubke) ཕི་ལིན།(Mike Flynn) སོགས་ཆེས་མཐོའི་དཔོན་རིགས་བཅུ་ལྷག་གིས་རྩ་དགོངས་ཞུས་ཡོད་འདུག
གསར་འགོད་པ། ཉི་མ་ཚེ་རིང་།
 

བསྐྱར་བཅོས།: ༢༠༡༧/༡༢/༠༡

Leave a Reply

One thought on “ཨ་རིའི་ཕྱི་སྲིད་དྲུང་ཆེ་གནས་དབྱུང་གཏོང་ཉེན་འདུག

  1. སྲས་སྐུ་ངོ་།

    ཨ་རིའི་རྒྱལ་དོན་དྲུང་ཆེ་ཕྱིར་འབུད་བྱེད་མིན་སྐོར།

    གཟའ་འཁོར་འདིའི་ནང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། ཨ་རིའི་སྲིད་འཛིན་ཁྲི་རོན་པུ་ལགས་ཀྱིས་ཨ་རིའི་རྒྱལ་དོན་དྲུང་ཆེ་ཌེལ་ལི་སོན་ལགས་རྒྱལ་དོན་དྲུང་ཆེ་ཡི་གོ་གནས་ནས་ཕྱིར་འབུད་གཏོང་འཆར་ཡོད་པའི་གནས་ཚུལ་ཚ་ཚ་འུར་འུར་ངང་སྤེལ་དང་སྤེལ་བཞིན་ཡོད་ཀྱང་། ད་ལྟ་རང་ཨ་རིའི་སྲིད་འཛིན་གྱིས་སྤྱི་ཚོགས་དྲ་ལམ་ཌི་བེ་ཌིར་(Twitter) བརྒྱུད་ནས་གནད་དེའི་སྐོར་ལ་བརྗོད་དོན། གསར་འགྱུར་བརྒྱུད་ལམ་ཁག་གིས། ངས་རྒྱལ་དོན་དྲུང་ཆེ་ཌེལ་ལི་སོན་ལགས་ཕྱི་འབུད་བྱ་འཆར་ཡོད་པ་དང་ཡང་ན་ཁོང་ལས་གནས་དགོངས་ཞུ་རྒྱུ་ཡིན་པའི་སྐོར་ལ་ཚོད་དཔག་བྱེད་ཀྱི་འདུག གསར་འགྱུར་རྫུན་མ་ཨེ་རེད། ངེད་གཉིས་གནད་དོན་ཁག་ཅིག་ལ་མ་མཐུན་པའི་སྒང་ནས་ཁོང་འགྲོ་ཡི་མེད། ང་ཚོས་མཉམ་དུ་ཕྱག་ལས་ཧ་ཅང་ཡག་ཐག་ཆོད་བྱེད་ཀྱི་ཡོད། ཨ་རི་ལ་བསྐྱར་དུ་གུས་བརྩི་ཧ་ཅང་ཡག་བྱེད་ཀྱི་འདུག་ཅེས་བྲིས་འདུག

    སྲིད་དོན་དབྱེ་ཞིབ་པ་ཚོས། གལ་སྲིད། སྲིད་འཛིན་ཁྲི་རོན་པུ་ལགས་ཀྱིས་རྒྱལ་དོན་དྲུང་ཆེ་ལགས་དང་ཁོང་གཉིས་ཀྱི་སྲིད་བྱུས་ལངས་ཕྱོགས་མ་མཐུན་པའི་ཐོག་ནས་རྒྱལ་དོན་དྲུང་ཆེ་ཕྱིར་འབུད་གཏོང་ཆོག འོན་ཀྱང་། བྱང་ཀོ་རི་དང་སེ་རི་ཡ། དཀྱིལ་ཤར་ཨེ་ཤ་ཡའི་དཀའ་རྙོག་སོགས་ཀྱི་ཕྱི་སྲིད་འབྲེལ་ལམ་ལ་དོ་ཕོག་ཏག་ཏག་འགྲོ་ཡི་རེད། ལྷག་དོན་ཕོ་བྲང་དཀར་པོའི་ནང་གི་དབང་ཆ་འཐབ་རྩོད་ཀྱི་རྩོད་རྙོག་མུ་མཐུད་དུ་ལྷག་སྲིད་ངེས་རེད་ཅེས་བརྗོད་འདུག
    ལྷ་བྱ་འཕུར་མས།