ངའི་ཐོབ་ཐང་དང་ངའི་བདེ་ཐང་།

བོད་ཀྱི་སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་རིག་འཛིན་བཟང་མོ་ལགས་ཀྱིས་བོད་སྨན་དང་རྒྱ་སྨན་ཟུང་འབྲེལ་བྱས་ན་གཉན་ནད་རེག་དུག་གི་ནད་པར་ཕན་ཐོགས་འབྱུང་གི་ཡོད་སྐོར་བརྗོད་བྱུང་།

དེ་རིང་སྔ་དྲོ་ཆུ་ཚོད་༩ པའི་སྟེང་། བཞུགས་སྒེར་དྷ་རམ་ས་ལའི་མེག་ལོར་ཡོངས་གླིང་སློབ་གྲྭ་རུ།  བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་ཀུན་ཕན་ལྟེ་གནས་གཉིས་ཀྱི་གོ་སྒྲིག་འོག  དྷ་སའི་ཉེ་འཁོར་གྱི་འཕྲོད་བསྟེན་དང་སྨན་ཁང་ཁག་བདུན་གྱིས་འཕྲོད་བསྟེན་ཁྲོམ་འདུས་ཆེན་མོ་ཞེས་པའི་མང་ཚོགས་ལ་འཕྲོད་བསྟེན་དང་འབྲེལ་བའི་ཅ་དངོས་ཉོ་ཚོང་དང་། ནད་གཞི་སོགས་རིན་མེད་ཐོག་བརྟག་དཔྱད་གནང་སྟེ་རྒྱལ་སྤྱིའི་གཉན་ནད་རེག་དུག་ཉིན་མོ་སྲུང་གཙི་གནང་སོང་།

འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ནད་རིགས་སྔོན་འགོག་གི་འགན་འཛིན་མི་འགྱུར་གཡུ་སྒྲོན་ལགས་སུ་འཕྲོད་བསྟེན་ཁྲོམ་འདུས་ཆེན་མོའི་དགོས་དམིགས་སྐོར་དྲིས་སྐབས།  དེ་རིང་རྒྱལ་སྤྱིའི་གཉན་ནད་རེག་དུག་གི་ཉིན་མོ་ཡིན་སྟབས། ང་ཚོ་འཕྲོད་བསྟེན་ལྷན་ཁང་ཁག་ཅིག་མཉམ་འབྲེལ་ཐོག་འཕྲོད་བསྟེན་ཁྲོམ་འདུས་ཆེན་མོ་གོ་སྒྲིག་བྱས་ཏེ།  མང་ཚོགས་གང་མང་ཕེབས་པའི་རེ་བ་དང་སྦྲགས་མང་ཚོགས་ལ་འཕྲོད་བསྟེན་དང་འབྲེལ་བའི་ཡིག་ཆ་འགྲེམས་སྤེལ་བྱས་ཏེ། གཉན་ནད་རེག་དུག་གཙོས་པའི་ནད་གཞིའི་སྐོར་ལ་གོ་རྟོགས་སྤེལ་བ་ཙམ་མ་ཟད། དེ་རིང་མི་མང་ལ་རིན་མེད་ཐོག་ནད་གཞི་སྔོན་འགོག་ཆེད་ཁྲག་དང་ཁྲག་ཤེད་སོགས་བརྟག་དཔྱད་བྱེད་ཀྱི་ཡོད། དེ་བཞིན།  ང་ཚོས་མི་མང་གི་ནམ་རྒྱུན་འཕྲོད་བསྟེན་ལ་དོ་སྣང་ཡོང་ཆེད་སྔོ་ཚལ་དང་ཤིང་ཏོག་རིགས་སྣ་ཚོགས་ཁྲོམ་སྟོན་བྱས་ཏེ། མང་ཚོགས་ལ་འཚོ་བཅུད་ལྡན་པའི་ཟས་རིགས་སོགས་ངོ་སྤྲོད་བྱེད་ཀྱི་ཡོད།  དེའི་ཁྲོད་རྒྱ་གར་གྱི་རླུང་སྤྱོང་སློབ་སྟོན་པ་བྷ་བྷ་རམ་ཌི་ཝི་(Baba Ramdev)ལགས་ཀྱི་ཐོན་རྫས་འགའ་ཡང་ཁྲོམ་སྟོན་བྱས་ཡོད།  ཅེས་བརྗོད་བྱུང་།

ཡང་བཙན་བྱོལ་སྤྱི་ཚོགས་ཀྱི་གཉན་ནད་རེག་དུག་གི་གནས་སྟངས་སྐོར་ལ་མོས།  བཙན་བྱོལ་ནང་གཉན་ནད་རེག་དུག་གི་ནད་པའི་ཁ་གྲངས་གསལ་པོ་མེད།  རྒྱུ་མཚན་ནི། སྤྱི་ཚོགས་ཀྱི་གོ་རྟོགས་དམན་དྲགས་སྟབས་ནད་པ་ཁག་ཅིག་གིས་གསང་བའི་ལམ་ནས་སྨན་བཅོས་བྱེད་ཀྱི་ཡོད།  འོན་ཀྱང་། འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོའི་ནང་གཉན་ནད་རེག་དུག་གི་ནད་པ་ ༤༠ ཙམ་ཞིག་ཡོད།   ཁོང་ཚོར་སྨན་བཅོས་ཀྱི་མཐུན་རྐྱེན་ཚང་མ་འཕྲོད་བསྟེན་ལས་ཁུངས་ནས་བསྐྲུན་གྱི་ཡོད། སྤྱིར་བཏང་རྒྱ་གར་ནང་གཉན་ནད་རེག་དུག་ཡོད་མཁན་ཚང་མར་རྒྱ་གར་དབུས་གཞུང་གིས་རིན་མེད་ཐོག་སྨན་སྤྲོད་ཀྱི་ཡོད་ཀྱང་། འཕྲོད་བསྟེན་ལས་ཁུངས་ཀྱིས་ནད་པ་དེ་ཚོ་ཡར་མར་འགྲོ་བྱེད་ཀྱི་འགྲོ་གྲོན་དང་། དམིགས་བསལ་ཛ་དྲག་ཐོག་སྨན་བཅོས་བྱ་དགོས་འཁེལ་བ་རྣམས་ལ་མཐུན་སྦྱོར་དང་། དེ་བཞིན། གཉན་ནད་རེག་དུག་གི་ནད་པ་ཚོར་ཟླ་ ༦ རེའི་མཚམས་སུ་ལུས་པོ་ཧྲིལ་བོར་བརྟག་དཔྱད་གནང་དགོས་པ་ལྟར་མཐུན་སྦྱོར་གནང་གི་ཡོད་པ་མ་ཟད། ཁོང་ཚོར་ཟས་བཅུད་འདང་ངེས་ཡོང་ཆེད་ཟླ་རེར་ཧིན་སྒོར་ ༡༠༠༠ རེ་ཕུལ་གྱི་ཡོད་ལ། ཉེ་ཆར་བཀའ་ཤག་གིས་དགོངས་པ་ཆེར་བཞེས་ཀྱིས་གཉན་ནད་རེག་དུག་གི་ནད་པ་ཚོའི་མདུན་ལམ་ཡག་པོ་ཡོང་ཆེད་ལྷོ་ཕྱོགས་མཱོན་གྷ་ཊི་རུ་ཚེམ་བཟོ་ཁང་ཞིག་ཀྱང་གོ་སྒྲིག་བྱས་ཡོད་པ་རེད། ཅེས་བརྗོད་བྱུང་།

དེའི་རྗེས་གསར་འགོད་པས་བོད་ཀྱི་སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དང་སྨན་པ་རིག་འཛིན་བཟང་མོ་ལགས་སུ་གསོ་རིག་ཐོག་ནས་གཉན་ནད་རེག་དུག་སེལ་བའི་ཐབས་ལམ་ཅི་ཡོད་སྐོར་དྲིས་པར།   བོད་ཀྱི་སྨན་གཞུང་གཞིར་བཞག་བྱས་ན། གཉན་ནད་རེག་དུག་ལ་སྲིན་འབུ་འཁྲུག་པའི་ནད་ཟེར་གྱི་ཡོད་པ་དང་།  ང་ཚོའི་སྤྱི་ཚོགས་ནང་གཉན་ནད་རེག་དུག་གི་ནད་པ་མང་པོ་ཡོད་ཀྱང་ཕྱིར་ཐོན་གྱི་མེད་སྟབས།  ང་ཚོ་སྨན་རྩིས་ཁང་ལ་གཉན་ནད་རེག་དུག་གི་ནད་པ་མང་པོ་མེད།  འོན་ཀྱང་། ད་ལྟའི་བར་ང་ཚོས་ཞིབ་འཇུག་བྱས་པ་དང་སྨན་གཞུང་གཞི་བཟུང་བྱས་པ་ཡིན་ན།  ནད་གཞི་འདིའི་དཀའ་ངལ་གཙོ་བོ་ནི་སྔོན་འགོག་གི་ནུས་པ་བཅོམ་འགྲོ་བ་དེ་རེད།  བོད་སྨན་གྱིས་ཕྱི་སྨན་ལྟར་འབུ་བསད་པ་ཙམ་མ་ཡིན་པར་སྔོན་འགོག་གི་ནུས་པའང་སེལ་ཐུབ་ཀྱི་ཡོད། ཕྱི་ལུགས་སྨན་ལ་ཟུར་ཕོག་གི་ཉེས་སྐྱོན་ཡོད་སྟབས། ལུས་པོའི་གནས་སྟངས་སྐྱོ་པོ་ཆགས་ཏེ་ནད་གཞི་གཞན་བསྐྲུན་པའམ་ཡང་ན་ནད་པ་འདས་གྲོངས་སུ་འགྲོ་བའི་གནས་སྟངས་འབྱུང་གི་ཡོད།  དེར་བརྟེན། སྨན་རྩིས་ཁང་གིས་བོད་སྨན་རྐྱང་པ་མ་ཡིན་པར་ཕྱི་སྨན་དང་ཟུང་འབྲེལ་བྱས་ཏེ་ནད་པར་སྨན་སྤྲོད་ཀྱི་ཡོད་པ་དེར་ནུས་པ་མངོན་གསལ་ཅན་ཐོན་ཡོད་པ་མ་ཟད།  ནད་པ་ཁག་ཅིག་གིས་སྨན་དེའི་ཕན་ཐོགས་ཆེན་པོ་བྱུང་སྐོར་ལ་བརྙན་ཐུང་བཟོས་ཏེ་དགའ་སྤྲོ་བྱུང་ཡོད་པ་དེ་འདྲ་ཡང་ཡོད།   ཅེས་དང་།  བོད་པའི་སྤྱི་ཚོགས་ནང་གཉན་ནད་རེག་དུག་གི་ནད་པ་ཕྱིར་ཐོན་མཁན་མེད་སྟབས།  བོད་ཀྱི་སྨན་རྩིས་ཁང་གིས་རྒྱ་གར་གྱི་ནད་པ་ཁག་ལ་བརྟག་དཔྱད་བྱས་ཏེ་གྲུབ་འབྲས་ལེགས་པོ་བྱུང་སྟབས། རྒྱ་གར་དབུས་གཞུང་གིས་བོད་སྨན་གྱི་རིན་འབབ་དང་སྨན་རྩིས་ཁང་གི་སྨན་པར་འགྲོ་གྲོན་ཆ་ཚང་བཏང་སྟེ་རྒྱ་གར་གྱི་གཉན་ནད་རེག་དུག་གི་ནད་པ་ཚོའི་ཆེད་དུ་སྨན་ཁང་བཙུགས་ཡོད་སྐོར་བརྗོད་བྱུང་།

འདི་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངའི་ཐོབ་ཐང་དང་།  ངའི་བདེ་ཐང་ཞེས་པའི་བརྗོད་གཞིའི་ཐོག་འཛམ་གླིང་གི་རྒྱལ་ཁབ་ཁག་ནས་གཉན་ནད་རེག་དུག་གི་ཉིན་མོ་སྲུང་གཙི་ཞུ་བཞིན་ཡོད་པ་དང་། བརྗོད་གཞི་དེའི་ནང་མིའི་གཙང་སྦྲ་དང་སྡོད་གནས། བཟའ་བཅའ། བདེ་འཇགས་ངལ་རྩོལ། དྲང་བདེན་སོགས་གཞིར་བཟུང་སྟེ། མི་སུ་ཡིན་དང་ས་ཆ་གང་དུ་འཚོ་མིན་ལ་མ་བལྟོས་པར་མི་ཚང་མ་བདེ་ཐང་འགན་སྲུང་གི་ཐོབ་ཐང་ཡོད་ལ། བདེ་ཐང་འགན་སྲུང་གི་ཐོབ་ཐང་ནི་གཞི་རྩའི་ཐོབ་ཐང་ཆེ་ཁག་ནང་ཚུད་ཡོད་སྐོར་སོགས་བཀོད་ཡོད་པ་རེད།

དེ་རིང་བཙན་བྱོལ་བོད་མིའི་ས་གནས་ཁག་མང་པོའི་ནང་གཉན་ནད་རེག་གི་ཉིན་མོ་སྲུང་གཙི་ཞུས་ཡོད་པའི་ཁྲོད། བཞུགས་སྒར་ཉེ་འཁྲིས་ཤེས་རབ་དགའ་ཚལ་སློབ་གླིང་དང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས། དེ་བཞིན་བོད་ཕྲུག་ཁྱིམ་སྡེ་ཁག་ཅིག་ཏུ་ནད་རིགས་སྔོན་འགོག་གི་གོ་རྟོགས་གཙོས་པའིི་ནད་གཞི་དང་འབྲེལ་བའི་བརྙན་འཕྲིན་གཟིགས་འབུལ་དང་གཏམ་བཤད། གཏམ་བརྗོད་འཁྲབ་སྟོན་བཅས་གནང་ཡོད་འདུག

གསར་འགོད་པ།  སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༡༢/༠༡

Leave a Reply