ཊི་རུམ་ཕིའི་བདེ་སྲུང་ལམ་སྟོན་པ་ཟུར་པ་འཛིན་བཟུང་བྱས།

ཨུ་རུ་སུའི་གཞུང་གིས་ཨ་རིའི་སྲིད་འཛིན་འོས་བསྡུར་ཐེ་གཏོགས་བྱས་པའི་དོགས་གཞིའི་ཁྲོད་ཊི་རུམ་ཕིའི་ལས་རོགས་ཟུར་པ་བཞི་འཛིན་བཟུང་ཞིབ་བཤེར་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།   ཁ་སང་ཨ་རིའི་སྲིད་འཛིན་ཊི་རུམ་ཕིའི་བདེ་སྲུང་ལམ་སྟོན་ཟུར་བ་སྐུ་ཞབས་མ་ཁེལ་ཧྥི་ལིན་(Micheal Flynn)ལགས་ཀྱིས། ཕྱི་ལོ་ ༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུ་དང་འབྲེལ་བའི་རྙོག་གླེང་ཁྲོད། ཁོས་ཨ་རིའི་གསང་བའི་ལས་ཁུངས་ལ་ཨུ་རུ་སུའི་ཆབ་སྲིད་མི་སྣ་ཁག་ཅིག་དང་ལྷན་དུ་ཁྲིམས་འགལ་གྱི་ཐོག་ནས་འབྲེལ་བ་བྱས་མེད་སྐོར་སྐྱག་རྫུན་བཤད་ཡོད་པ་ངོས་ལེན་བྱས་ཡོད་སྟབས།  ད་ལྟའི་ཆར་སྐུ་ཞབས་ཧྥི་ལིན་ལགས་སུ་ཟླ་ ༦ གི་བཙོན་འཇུག་ཁྲིམས་ཐག་གཅོད་འཆར་ཡོད་འདུག

ཨ་རིའི་གསང་བའི་ལས་ཁུངས་ཀྱི་ཞིབ་འཇུག་ལྟར་ན།  ཕྱི་ལོ་ ༢༠༡༦ ལོར་ཊི་རུམ་ཕི་ཨ་རིའི་སྲིད་འཛིན་མ་ཆགས་གོང་དུ། སྐུ་ཞབས་མ་ཁེལ་ཧྥི་ལིན་ལགས་ཀྱིས་རང་ཉིད་ལ་དཔོན་ས་འཐོབ་ཆེད། ཨུ་རུ་སུའི་གཞུང་གི་ལས་བྱེད་དང་ཁྲིམས་འགལ་ཐོག་འབྲེལ་བ་བྱས་ཏེ། ཨ་རི་དང་ཨུ་རུ་སུའི་བར་གྱི་འབྲེལ་ལམ་རྙོག་ཟིང་ཅན་དང་རྫུན་བཟོ་བྱས་པ་མ་ཟད།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་གྲོས་ཆོད་ཁག་ཅིག་ལའང་ཐེ་གཏོགས་བྱས་ཡོད་པ་རེད།

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཆེ་གྲས་བྷི་བྷི་སི་དང་སི་ཨན་ཨན་ལྟར་ན། ཐེངས་འདིའི་མ་ཁེལ་ཧྥི་ལིན་གྱི་ནག་ཉེས་ངོས་ལེན་བྱས་པ་དེས་སྲིད་འཛིན་ཊི་རུམ་ཕི་ལའང་སེམས་ཁྲལ་བསླངས་ཡོད་སྐོར་བརྗོད་འདུག རྒྱལ་སྤྱིའི་ཆབ་སྲིད་དཔྱད་གླེང་བ་ཁག་ཅིག་གིས།  གལ་སྲིད་བདེ་སྲུང་ལམ་སྟོན་པ་ཟུར་པ་མ་ཁེལ་ཧྥི་ལིན་གྱིས་སྲིད་འཛིན་ཊི་རུམ་ཕི་དང་ཨུ་རུ་སུའི་བར་གྱི་ཆབ་སྲིད་གསང་བ་ཕྱིར་བསྒྲགས་བྱས་ཚེ།   ཊི་རུམ་ཕི་སྲིད་འཛིན་ནས་གནས་དབྱུང་གཏོང་རྒྱུ་ཡིན་སྐོར་རྗོད་བཞིན་ཡོད་པ་རེད།

སྐུ་ཞབས་ཧྥི་ལིན་ལགས་ཀྱིས།  ངས་སོ་སོའི་ནང་མི་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་རང་ཉིད་ཀྱི་ནག་ཉེས་ངོས་ལེན་བྱས་ཏེ། ཨ་རིའི་གསང་བའི་ལས་ཁུངས་དང་མཉམ་འབྲེལ་བྱ་རྒྱུ་ཡིན་པ་མ་ཟད།  ངས་བསྒྲུབས་པའི་ལས་ཀའི་འོས་འགན་ཚང་མ་ང་རང་གིས་འཁུར་རྒྱུ་ཡིན།  ཞེས་བརྗོད་འདུག

ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་སྲིད་འཛིན་གྱི་འོས་བསྡུར་ཨུ་རུ་སུ་གཞུང་གིས་ཐེ་གཏོགས་བྱས་ཡོད་པར་ངོས་འཛིན་བྱས་ཏེ། ཨ་རིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དམིགས་བསལ་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཡོད་པ་དང་། ཞིབ་འཇུག་ཚོགས་ཆུང་དེས་ད་བར་སྲིད་འཛིན་ཊི་རུམ་ཕིའི་འཛིན་སྐྱོང་སྐབས་ཀྱི་ལས་བྱེད་ཁག་ཅིག་ལ་ཞིབ་འཇུག་བྱས་ཏེ།  སྲིད་འཛིན་ཊི་རུམ་ཕིའི་འབྲེལ་ཡོད་ལས་བྱེད་བཞི་འཛིན་བཟུང་བྱས་ཡོད་པ་དག་ནི། ཊི་རུམ་ཕིའི་འོས་བསྡུའི་ལས་འགུལ་དོ་དམ་པ་ཟུར་པ་པོལ་མཱ་ན་ཧྥོ་ཊི་(Paul Manafort)དང་། ཁོའིི་ལས་རོགས་རེ་ཁི་གྷེ་ཊི(Rick Gates)།  དེ་བཞིན། ཊི་རུམ་ཕིའི་འོས་བསྡུའི་ཕྱི་སྲིད་ལམ་སྟོན་པ་ཟུར་པ་ཌི་མེ་ཊི་རེ་སི་(George Papadopoulos)ལགས་དང་། ཊི་རུམ་ཕིའི་བདེ་སྲུང་ལམ་སྟོན་པ་ཟུར་པ་མ་ཁེལ་ཧྥི་ལིན་བཅས་ཡིན་པ་རེད།

དམིགས་བསལ་ཞིབ་ཚོགས་ཆུང་དེས་ཞིབ་འཇུག་ནན་ཏན་བྱས་ཏེ་གྲུབ་འབྲས་ཐོན་གྱི་ཡོད་སྟབས།  ཁ་སང་སྲིད་འཛིན་ཊི་རུམ་ཕི་ཡིས་ཁོ་རང་གི་སློབ་སྟོན་པ་དང་བུ་མོའི་ཁྱོ་ག་གོ་ཤི་ནཱ་(Jared Kushner)དམིགས་བསལ་ཞིབ་འཇུག་ཚོགས་ཆུང་དེའི་དམིགས་བསལ་ཁྲིམས་རྩོད་པ་རོ་བྷར་ཊི་མཱོ་ལར་(Robert Muller)དང་ཐུག་འཕྲད་བྱེད་དུ་བཅུག་ཡོད་པ་མ་ཟད།  ཁ་སང་མ་ཁེལ་ཧྥི་ལིན་འཛིན་བཟུང་བྱས་རྗེས། སྲིད་འཛིན་ཊི་རུམ་ཕིས་ཨ་རིའི་ནེའུ་ཡོག་ཏུ་ཐོག་དང་པོར་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་མཉམ་ཞུགས་བྱ་རྒྱུ་ཡིན་པ་དེ་ཡང་ཕྱིར་འཐེན་བྱས་ཡོད་པ་རེད།

ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་བསྐོ་བཞག་བྱས་པའི་དམིགས་བསལ་ཞིབ་འཇུག་ཚོགས་ཆུང་གིས་གནད་དོན་དེར་ཞིབ་འཇུག་བྱས་ཏེ། ད་ལྟ་ཨ་རིའི་སྲིད་འཛིན་ཊི་རུམ་ཕིའི་ནང་ཁུལ་གྱི་ལས་བྱེད་ཁག་ཅིག་དང་།  ཊི་རུམ་ཕིའི་ནང་མི་ཁག་ཅིག་ལའང་ཞིབ་འཇུག་བྱེད་དགོས་པའི་ཚད་ལ་བསླེབས་ཡོད་སྟབས།  ཕོ་བྲང་དཀར་པོའི་ཁྲིམས་དཔོན་ཁོ་བྷི་ལགས་ཀྱིས།  སྐུ་ཞབས་ཧྥི་ལིན་གྱི་སྐྱག་རྫུན་བཤད་པ་དེས་ཕོ་བྲང་དཀར་པོ་ཡང་ཉེས་ཅན་ཞིག་ཏུ་བསྒྱུར་བཞིན་ཡོད། ཅེས་བརྗོད་ཡོད་པ་རེད།

གསར་འགོད་པ།  སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༡༢/༠༢

Leave a Reply

One thought on “ཊི་རུམ་ཕིའི་བདེ་སྲུང་ལམ་སྟོན་པ་ཟུར་པ་འཛིན་བཟུང་བྱས།