བྱིས་པའི་སློབ་གསོའི་ཁྲོད་ནས་བྱིས་པར་མི་རིཊ་དང་སྐད་ཡིག་ངོ་ཡག་པོ་འཕྲོད་རྒྱུ་དེ་འགན་ཆེ་ཤོས་རེད།

དགེ་ཆེ་ནོར་བུ་ཉི་མ་ལགས་ཀྱིས་སློབ་གྲྭ་ཞིག་ལ་མཚོན་ན་མགོ་ནས་འདུག་མཁན་དེའི་བོད་སྐད་ཡིག་ལ་ཁ་ཙམ་མ་ཡིན་པར་སེམས་གཏིང་ནས་དགའ་ཞེན་དང་འབད་བརྩོན་བྱས་པ་ཡིན་ན་ཡར་རྒྱས་ཡོང་མི་ཐུབ་པ་ཞིག་གཏན་ནས་རེད་མི་འདུག་ཅེས་བརྗོད་བྱུང་།

འདི་གའི་གསར་འགོད་པ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་གྲོང་དྲུག་པའི་སཾ་བྷོ་ཊ་གཞི་རིམ་བར་མའི་སློབ་གྲྭ་ནང་ཆེད་དུ་སོང་སྟེ་རྒྱུས་ལོན་བྱུང་བ་ལྟར་ན། མོན་གྷོ་གཞི་རིམ་བར་མའི་སློབ་གྲྭ་ནི་ཕྱི་ལོ་ ༡༩༧༠ ལོའི་མགོ་ཙམ་ཞིག་ནས་གསར་དུ་བཙུགས་པ་དང་། སློབ་གྲྭ་དེ་ཐོག་མར་མེ་སོར་གཞིས་ཆགས་ཡར་རྒྱས་སྡེ་ཚན་ཞེས་པ་ཞིག་གིས་བཙུགས་ཏེ། མོན་གྷོ་ས་གནས་གཞིས་མགོ་ནས་འཛིན་སྐྱོང་གནང་འདུག རྗེས་སུ་གཞིས་མགོ་ནས་དབུས་བོད་སློབ་འཛིན་ཚོགས་ལ་རྩིས་སྤྲོད་བྱས། ཕྱི་ལོ་༢༠༡༦ ལོའི་ཟླ་༧ པའི་ཚེས་༡༣ ཉིན་ནས་བཟུང་ཤེས་རིག་གིས་རྩིས་ལེན་གནང་ཡོད་པ་རེད། སློབ་གྲྭ་དེར་འཛིན་རིམ་དང་པོ་ནས་བརྒྱད་པ་བར་ཡོད་པ་དང་། ད་ལྟ་བོད་རིགས་རྐྱང་རྐྱང་ཡིན་པའི་དགེ་རྒན་ ༡༣ དང་ལས་བྱེད་༣། སློབ་ཕྲུག་ ༡༣༢ བཅས་ཁྱོན་དགེ་ལས་སློབ་ཕྲུག་ ༡༤༨ ཡོད་པ་དང་། སློབ་ཕྲུག་གི་བརྒྱ་ཆ་ ༤༠ ཙམ་རྒྱ་གར་དང་བལ་ཡུལ་ཧི་མ་ལ་ཡའི་རི་རྒྱུད་སོགས་ནས་རེད་འདུག

དགེ་ཆེ་ནོར་བུ་ཉི་མ་ལགས་སུ་སློབ་གྲྭ་དེ་དབུས་བོད་སློབ་འཛིན་ཚོགས་ཀྱིས་རྩིས་སྤྲོད་ཞུས་རྗེས་སྔར་དང་བསྡུར་ན་ཁྱད་པར་ཅི་འདྲ་བྱུང་ཡོད་དྲིས་པར་ཁོང་གིས། ང་རང་ལ་མཚོན་ན། སློབ་གྲྭ་འདི་ཐོག་མར་དབུས་བོད་སློབ་འཛིན་ཚོགས་ནས་རྩིས་ལེན་མཁན་ཡིན་པ་ལས། དབུས་བོད་སློབ་འཛིན་ཚོགས་ཀྱི་འཛིན་སྐྱོང་འོག་ཡོད་སྐབས་དགེ་རྒན་མིན། དང་པོ་རྩིས་ལེན་བྱེད་སྐབས་སློབ་གྲྭ་འདིར་བོད་པའི་སློབ་གྲྭ་ཞིག་གི་ངོ་བོ་ཁྱོན་ནས་མི་འདུག སློབ་གྲྭའི་གྱང་ངོས་ཀྱི་ཡི་གེ་དང་སྒོ་བྱང་སོགས་ཚང་མ་དབྱིན་ཡིག་དང་རྒྱ་གར་ཡི་གེ་རྐྱང་རྐྱང་རེད་འདུག ལྷག་པར་ཏུ་བོད་ཡིག་གི་ཕྱོགས་ནས་ཧ་ཅང་སྐྱོ་བོ་རེད་འདུག དགེ་རྒན་མང་ཆེ་བ་ཞིག་རྒྱ་གར་བ་ཡིན་དུས་སློབ་ཚན་གཙོ་བོ་དབྱིན་ཇི་དང་ཧིན་རྡུ་ཤུགས་ཆེན་པོ་རེད། ང་ཚོས་རྩིས་ལེན་བྱས་པ་ནས་བཟུང་ང་རང་གི་ངོས་ནས་བོད་ཡིག་དང་བོད་སྐད་གཙོ་བོར་བཟུང་ནས་ཤུགས་བརྒྱབ་ཀྱི་ཡོད་ལ། སློབ་གསོ་ཞིག་བརྒྱབ་པ་ཡིན་ན་བོད་སྐད་བོད་ཡིག་གལ་ཆེན་པོ་ཡིན་པ་དང་། སློབ་གྲྭའི་ཁོར་ཡུག་སོགས་སུ་ཡི་གེ་ཞིག་འབྲི་དགོས་བྱུང་བ་ཡིན་ནའང་བོད་ཡིག་རྐྱང་རྐྱང་དང་། སྒོ་བྱང་སོགས་སུ་བོད་ཡིག་ཆེན་པོ་དང་གསལ་བོ་བྲིས་ཏེ། དེའི་འོག་ལ་དབྱིན་ཡིག་ཆུང་ཆུང་བྱས་ནས་འབྲི་ཡི་ཡོད། དེ་ལྟར་བྱས་པ་ཡིན་ན་ང་ཚོར་གནོན་ཤུགས་སྤྲོད་མཁན་མི་འདུག ང་རང་ལ་མཚོན་ན་ཆེས་སྐྱིད་ཤོས་དང་སྤོབས་པ་ཞིག་ཡོད་པ་ནི་སློབ་གྲྭ་འདིར་སྔོན་ཆད་ལས་བོད་སྐད་བོད་ཡིག་གི་ཕྱོགས་ནས་ཡར་རྒྱས་ཅུང་ཙམ་གཏོང་ཐུབ་ཡོད་པ་དེ་ཡིན། ཞེས་ཟེར།

ཁོང་གཞི་རིམ་སློབ་གྲྭ་ཞིག་གི་དགེ་ཆེ་ཡིན་པ་མ་ཟད་དགེ་རྒན་གྱི་ཕྱག་ལས་ཀྱང་གནང་གི་ཡོད་དུས། བྱིས་པའི་སློབ་གསོའི་ཁྲོད་ནས་ཆེས་གཡོལ་དུ་མེད་པའི་ལས་འགན་དེ་ག་རེ་རེད་དྲིས་པར་ཁོང་གིས། ང་རང་ལ་མཚོན་ན་བྱིས་པའི་སློབ་གསོའི་ཁྲོད་ནས་འགན་ཆེ་ཤོས་དེ་བྱིས་པ་ཚོའི་རྒྱུད་ལ་མི་རིགས་དེའི་རིག་གཞུང་དང་སྐད་ཡིག་གསལ་བོ་ཞིག་འཇོག་དགོས་པ་གལ་ཆེན་པོ་རེད་བསམ་གྱིན་འདུག ང་རང་གིས་ནམ་རྒྱུན་སློབ་ཕྲུག་དང་དགེ་རྒན་ཚོར་དེ་ལྟར་བཤད་བསྡད་ཡོད་ལ། ལྷག་པར་དགེ་རྒན་ཚོར་མཚོན་ན། སློབ་འཁྲིད་སྐབས་སུ་དཔེ་ཞིག་འཇོག་དགོས་ན་མི་རིགས་གཞན་པའི་མི་དང་ཅ་དངོས་རིགས་མ་ཡིན་པར་བོད་པ་རང་གི་མི་དང་ཅ་དངོས་འཇོག་དགོས་པ་དང་། དེ་བཞིན་དབྱིན་ཡིག་དགེ་རྒན་ཞིག་ཡིན་ན་ཁྱེད་རང་གི་སློབ་འཁྲིད་དབྱིན་ཇིའི་སྐད་ཡིག་ཡིན་ན་ཡང་། ཁྱེད་རང་མི་རིགས་བོད་པ་ཡིན་དུས་སློབ་འཁྲིད་སྐབས་སུ་བྱིས་པར་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་ལ་དགའ་ཞེན་ཡོད་པའི་སློབ་གསོ་གནང་དགོས་པར་སྐུལ་བ་ཡིན། ནམ་རྒྱུན་དགེ་རྒན་རྣམས་ལ་བྱིས་པར་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་ཡིན་ན་ཡང་། དེ་ལས་ཀྱང་སློབ་གསོ་གནང་དགོས་པ་གལ་ཆེན་པོ་ཡིན་པ་བཤད་ཀྱི་ཡོད། སློབ་སྦྱོང་ཡག་པོ་ཆགས་སོང་ན་ཡང་མི་རིགས་དང་རིག་གཞུང་ལ་ཤ་ཞེན་དང་ལ་རྒྱ་གང་ཡང་མེད་པ་ཞིག་ཏུ་གྱུར་པ་ཡིན་ན། ང་ཚོས་སློབ་སྦྱོང་སྤྲད་པའི་དགོས་པ་དེ་འགྲུབ་མེད་པ་རེད། དེ་ཡིན་དུས་བྱིས་པའི་སློབ་གསོའི་ཁྲོད་ནས་བྱིས་པར་མི་རིགས་དང་སྐད་ཡིག་ངོ་ཡག་པོ་འཕྲོད་རྒྱུ་དེ་འགན་ཆེ་ཤོས་རེད་བསམ་ཡོད། ཅེས་བརྗོད་བྱུང་།

མོན་གྷོ་གཞི་རིམ་བར་མའི་སློབ་གྲྭ་འདིར་མཚོན་ན། སློབ་ཕྲུག་ཚང་མ་སོ་སོའི་ཕ་མ་ཉེ་སར་ཡོད་པ་རྐྱང་ཡིན་སྟབས། ཕ་མའི་སློབ་གསོའམ་ཡང་ན་ཁྱིམ་གྱི་སློབ་གསོའི་གནས་བབ་གང་འདྲ་འདུག་དྲིས་པར། དངོས་ནས་བཤད་ན་ཕ་མའི་སློབ་གསོ་དེ་ཅུང་ཙམ་སྐྱོ་བོ་རེད་འདུག ཕ་མ་ཚོས་བྱིས་པར་སློབ་སྦྱོང་བྱོས་ཞེས་སྐུལ་བ་ཙམ་ལས། ཕ་མ་རང་ཉིད་ནས་བྱིས་པར་སློབ་སྦྱོང་ཕྱོགས་ནས་མིག་དཔེ་སྟོན་པ་དང་བྱིས་པའི་སློབ་སྦྱོང་ལ་འགན་འཁུར་མཁན་ཉུང་ཉུང་རེད། ཕ་མ་ཚོས་བྱིས་པར་སློབ་སྦྱོང་བྱ་དགོས་པ་རེད་ཅེས་ཁོ་རང་ཚོས་བརྙན་འཕྲིན་དང་ཁ་པར་ལ་ལྟ་ནས་བསྡད་ཡོད་པ་དེ་འདྲ་རེད། དེ་བཞིན་བྱིས་པར་མི་རིགས་ཀྱི་ལར་ཞེན་དང་སྐད་ཡིག་གི་རིན་ཐང་སོགས་ཀྱི་སྐོར་ནས་སློབ་གསོ་གནང་མཁན་ཕ་མ་ཉུང་ཉུང་རེད་འདུག སྤྱིར་ང་ཚོས་རྩིས་ལེན་བྱས་པ་ནས་ཡར་རྒྱས་ཅུང་ཙམ་འགྲོ་སོང་ལ། ང་ཚོས་ཕ་མ་ཚོ་དང་ཚོགས་འདུ་ཚོགས་སྐབས་བྱིས་པར་སློབ་གསོའི་ཕྱོགས་ནས་ཧུར་བརྩོན་བྱ་དགོས་པ་དང་། བྱིས་པའི་སློབ་གསོ་དེ་སློབ་གྲྭ་དང་དགེ་རྒན་གཅིག་པུའི་འགན་མ་ཡིན་པར་ཕ་མ་དང་དགེ་རྒན་མཉམ་འབྲེལ་ཡིན་པར་གསལ་བཤད་བྱས་པ་ཡིན། ཞེས་ཟེར།

སློབ་གྲྭ་འདིར་མཚོན་ན་སྔོན་ཆད་སློབ་ཚན་དང་བྱེད་སྒོ་མང་ཆེ་ཤོས་ཤིག་སྐད་ཡིག་གཞན་པ་ཡིན་དུས། གློ་བུར་དུ་སློབ་ཕྲུག་ཚོའི་སློབ་གསོའི་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་ཞིག་ཕྱིན་པ་དེས། སློབ་ཕྲུག་ཚོའི་སློབ་སྦྱོང་ལ་དོ་ཕོག་དང་ཕ་མ་ཚོས་མི་འགྲིག་པའི་བསམ་ཚུལ་དེ་འདྲ་བཤད་ཀྱི་འདུག་མིན་དྲིས་པར་ཁོང་གིས། བྱིས་པ་ཚོའི་སློབ་སྦྱོང་ཕྱོགས་ལ་དོ་ཕོག་སོང་བ་གང་ཡང་མི་འདུག་ལ། ཕ་མ་ཚོར་མཚོན་ན་མི་འགྲིག་པའི་སྐད་ཆ་བཤད་མཁན་གང་ཡང་བྱུང་མ་སོང། ཕ་མ་ཚོར་མཚོན་ན་སྔོན་ཆད་ལས་ང་ཚོར་ཡིད་ཆེས་བྱེད་ཀྱི་འདུག མ་གཞི་ང་རང་ལ་མཚོན་ན། ནམ་རྒྱུན་བོད་པའི་སློབ་གྲྭ་འདི་ལྟ་བུ་ཞིག་བཙུགས་པ་དེ་བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་ཆེད་དུ་རེད་ལ། ང་ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཆེད་དུ་ཧུར་བརྩོན་བྱས་པ་དེ་སློབ་གྲྭ་འདི་བཙུགས་པའི་དགོས་པ་དང་འགལ་མེད་ལ། ༧གོང་ས་མཆོག་གི་བཀའ་དང་འགལ་མེད། གཞིས་ལུས་རྒྱ་ཆེའི་མི་མང་གི་རེ་བ་དང་འགལ་མེད་ཅེས་བཤད་ཀྱི་ཡོད། དེ་བས་ཕ་མ་ཚོ་ཡིན་ནའང་ང་ཚོའི་བྱེད་སྒོ་ཁག་ལ་དགའ་བོ་དང་རྒྱབ་སྐྱོར་བྱེད་ཀྱི་འདུག ཅེས་བརྗོད་བྱུང་།

ཤེས་རིག་ནས་རྩིས་ལེན་གནང་རྗེས་སློབ་ཚན་གཏན་འབེབ་དང་དགེ་རྒན་བསྐོ་བཞག་སོགས་ཀྱི་ཐད་ག་འདྲ་ཡོང་གི་འདུག་དྲིས་པར། སྤྱིར་ད་ལྟའི་ཆར་ཤེས་རིག་ངོས་ནས་སློབ་ཚན་གཏན་འབེབ་དང་ཤེས་ཡོན་སྲིད་ཇུས་གཅིག་གྱུར་གྱིས་ལག་བསྟར་སོགས་གང་ཡང་བྱས་མ་སོང་། ད་དུང་སློབ་གྲྭ་ཁག་བཅུ་གསུམ་ཞིག་རྩིས་ལེན་བྱ་རྒྱུ་ལྷག་བསྡད་ཡོད་པས་ཡིན་སྲིད་པ་རེད། ཤེས་རིག་སོགས་ཀྱི་ངོས་ནས་ཡག་པོ་གནང་གི་འདུག ད་ལོ་ནས་ཤེས་རིག་ངོས་ནས་སློབ་གྲྭ་ཁག་གི་དཔེ་མཛོད་ལ་བྱིས་པའི་སྒྲུང་དེབ་ཧ་ལས་པ་ཡག་པོ་སྐུར་གནང་གི་འདུག སྔོན་མ་སྒྲུང་དེབ་དེ་དག་ཉི་ཧོང་གི་བྱིས་སྒྲུང་སྒྱུར་བ་ཡིན་དུས་སྒྲུང་ནང་གི་བྱ་དངོས་དང་མིའི་མིང་སོགས་མི་རིགས་གཞན་པའི་ཐ་སྙད་ཡིན་པ་རེད། ཡིན་ན་ཡང་། ཉེ་སྔོན་སོན་རྩ་བྱིས་པའི་དེབ་ཕྲེང་ཞེས་པའི་བྱིས་སྒྲུང་དེ་དག་སྔོན་མ་ལྟར་མ་ཡིན་པར་བོད་པའི་ཁྱད་ཆོས་ལྡན་པ་རྐྱང་ཡིན་དུས། བྱིས་པ་ཚོར་ཕན་ཐོགས་ཆེན་པོ་འདུག་ཟེར།

མཇུག་ཏུ་དགེ་ཆེ་ལགས་ཀྱིས། ང་རང་ལ་མཚོན་ན་ད་བར་སློབ་གྲྭ་འདིར་བོད་སྐད་བོད་ཡིག་ཕྱོགས་ཤུགས་བརྒྱབ་ཀྱི་ཡོད། སློབ་གྲྭའི་མཛད་སྒོ་དང་སྤྲོ་སྐྱིད་གང་ཞིག་ཡིན་ཡང་བོད་གཞས་གཏོང་བ་དང་བོད་པའི་གཞན་སྣ་འཁྲབ་སྟོན་བྱེད་དུ་འཇུག་གི་ཡོད། སྔོན་ཆད་ཡིན་ན་མཛད་སྒོ་དང་སྤྲོ་སྐྱིད་སོགས་སུ་དབྱིན་གཞས་དང་ཧུན་རྡུའི་གཞས་སྣ་འཁྲབ་སྟོན་རྐྱང་རེད་འདུག དེ་ནས་སློབ་འཁྲིད་ཀྱི་ཕྱོགས་ནས་སློབ་ཕྲུག་ཚོར་རྩོམ་ཡིག་མང་པོ་འབྲི་འཇུག་གི་ཡོད། དེ་སྔོན་ཡིན་ན་སློབ་ཕྲུག་ཚོར་རང་ཉིད་ངོ་སྤྲོད་ཀྱི་རྩོམ་ཐུང་ཞིག་བྲིས་ཞེས་སྐུལ་བ་ཡིན་ན་ཐིག་ཤར་ཁ་ཤས་ལས་འབྲི་མི་ཐུབ་ཀྱང་། ང་དང་དགེ་རྒན་ལས་རོགས་ཚོའི་དེའི་ཕྱོགས་ལ་ཧུར་ཐག་བྱས་ཏེ་ད་ལྟའི་ཆར་ཡར་རྒྱས་གང་འཚམས་སོང་ཡོད། དེ་ནི་ང་ཚོ་དགེ་ལས་ཐུན་མོང་གིས་འབད་བརྩོན་བྱས་པའི་འབྲས་བུ་རེད། ང་རང་གི་ཉམས་མྱོང་ཁྲོད་ནས་སློབ་གྲྭ་ཞིག་ལ་མཚོན་ན། མགོ་ནས་འདུག་མཁན་དེའི་བོད་སྐད་ཡིག་ལ་ཁ་ཙམ་མ་ཡིན་པར་སེམས་གཏིང་ནས་དགའ་ཞེན་དང་འབད་བརྩོན་བྱས་པ་ཡིན་ན་ཡར་རྒྱས་དང་ཡག་པོ་ཡོང་མི་ཐུབ་པ་ཞིག་གཏན་ནས་རེད་མི་འདུག ཅེས་བརྗོད་བྱུང་།

གསར་འགོད་པ་སངས་རྒྱས་དཀོན་མཆོག་གིས་མོན་གྷོ་ནས་སྤེལ།

བསྐྱར་བཅོས།: ༢༠༡༧/༡༢/༠༥

Leave a Reply

6 thoughts on “བྱིས་པའི་སློབ་གསོའི་ཁྲོད་ནས་བྱིས་པར་མི་རིཊ་དང་སྐད་ཡིག་ངོ་ཡག་པོ་འཕྲོད་རྒྱུ་དེ་འགན་ཆེ་ཤོས་རེད།

  1. མོན་གྷོ་གཞི་རིམ་བར་མའི་སློབ་གྲྭའི་དགེ་ཆེ་ནོར་བུ་ཉི་མ་ལགས་གུས་པས་ཞལ་ཚོར་མྱོང་། ཁོང་ནི་ལོ་ན་གཞོན་ལ་ཉམས་ཆུང་ཞིག་ཡིན་འདུག མ་ཟད་ཁོང་དགོངས་པ་རྒྱ་ཆེ་པོ་ཞེས་ཤེས་མཁན་ཞིག་ཡིན་པ་ཚོར་སྣང་བྱུང་

    དུས་འབབ་ནས་གནས་ཚུལ་དེའི་རིགས་སྤེལ་བར་ཐུགས་རྗེ་ཆེ་ཞུ་

  2. གསར་འགོད་པ་ཁོང་གིས་དེ་སྔོན་ཡང་སློབ་གསོའི་སྐོར་གྱི་བཅར་འདྲི་ཡག་པོ་རེ་བྱས་སོང་། དུས་བབ་ཚང་གི་ཁྱད་ཆོས་གཙོ་བོ་བཅར་འདྲི་ཡག་པོ་བྱེད་བཞིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཁྱེད་ཅག་ཐུན་མོང་གི་ཧུར་བརྩོན་ལ་ནམ་ཡང་ཡི་རངས་ཡོད། ཆབ་སྲིད་ཀྱི་རྩོད་རྙོག་གང་བྱུང་གི་འོག་ལ་མ་ཤོར་བ་བྱས་ཏེ་མུ་མཐུད་བོད་ཀྱི་རིག་གནས་ལ་འབད་རོགས། བཙན་བྱོལ་ནས་རེ་བ་ཞིག་ཡོད་ས་ཁོ་ན་དུས་བབ་རེད། ཁ་དྲོ། ཐུགས་རྗེ་ཆེ།