འཛམ་གླིང་ཞི་བདེ་ཡོང་བའི་རྩ་བ་ཆོས་ལུགས་ཁག་འཆམ་མཐུན་ཆགས་ཡོད།

ཆོས་ལུགས་ཁག་གི་བླ་ཆེན་ལྷན་ཚོགས་ཐོག་འབྲི་གུང་སྐྱབས་མགོན་མཆོག་གིས་བླ་ཆེན་རྣམ་པས་ཆོས་ལུགས་གཅིག་པུ་ཙམ་མིན་པར་ཁོར་ཡུག་སྲུང་སྐྱོབ་ཐད་ལའང་ཐུགས་འཁུར་ཆེ་བཞེས་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་འདུག

འདི་གར་མཁན་པོ་རང་གྲོལ་ལགས་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་(India Habitat Centre)ལྟེ་གནས་སུ། ཧིན་རྡུའི་ཆོས་ཚོགས་(Hindu Dharma Achara Sabha)ཀྱི་གོ་སྒྲིག་འོག ཆོས་ལུགས་ཁག་གི་བཞུགས་མོལ་ཚོགས་འདུ་(Interfaith Round Table)ཞེས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་ཆོས་ལུགས་ཆེ་ཁག་ཧིན་རྡུ་གཙོས་ཁ་ཆེ་དང་སིག ཇེའུ། ཡེ་ཤུ་ཆོས་ལུགས་བཅས་ཀྱི་བླ་ཆེན་རྣམ་པ་འདུ་འཛོམས་ཀྱིས་ཚོགས་ཆེན་ཞིག་སྐོང་གནང་ཡོད་པ་རེད། ཆོས་ལུགས་འདྲ་མིན་གྱི་ཚོགས་འདུ་དེའི་ཐོག་གདན་ཞུ་གསོལ་འདེབས་ཞུས་པ་ལྟར། བོད་བརྒྱུད་ནང་བསྟན་གྱི་སྐུ་ཚབ་འབྲི་གུང་༧སྐྱབས་མགོན་ཆེ་ཚང་འཕྲིན་ལས་ལྷུན་གྲུབ་མཆོག་ཕེབས་ཡོད་འདུག

ཆོས་ལུགས་འདྲ་མིན་གྱི་ཚོགས་འདུ་དེའི་ཐོག་འབྲི་གུང་༧སྐྱབས་མགོན་མཆོག་གིས། ཆོས་ལུགས་འདྲ་མིན་གྱི་བླ་ཆེན་རྣམས་འབར་མའི་རྒྱལ་ས་ཡཱང་ཀོང་དུ་ཚོགས་འཛོམས་རྗེས་དེ་རིང་སླར་འདིར་ཞལ་འཛོམས་བྱུང་བར་ཐུགས་ཧ་ཅང་དགྱེས་པོ་བྱུང་བའི་འཚམས་འདྲི་དང་སྦྲགས། བོད་བརྒྱུད་ནང་བསྟན་ལ་མཚོན་ན་ས་དགེ་བཀའ་རྙིང་བཅས་ཆོས་བརྒྱུད་ཆེན་པོ་བཞི་ཡོད་པ་དང་། ཆོས་བརྒྱུད་ཁག་གི་ལྟ་གྲུབ་དག་ལོགས་སུ་སོ་སོར་ཡོད་པས་ཚང་མ་གཅིག་གྱུར་བཟོ་དགོས་དོན་ཡང་མེད། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་ཞི་བདེ་འཆམ་མཐུན་ངང་གནས་ཡོད་པ་དང་། འཛམ་གླིང་ཞི་བདེ་ཡོང་བའི་རྩ་བ་ནི་ཆོས་ལུགས་མཐུན་སྒྲིལ་ཆགས་ཡོད་སྟབས། དེ་རིང་ཚོགས་ཆེན་ཐོག་ཆེད་དུ་ཕེབས་པའི་ཆོས་ལུགས་ཁག་གི་བླ་ཆེན་རྣམ་པས་དབུ་འཁྲིད་དེ་ཆོས་ལུགས་འཆམ་མཐུན་ཡོང་བར་ཐུགས་འཁུར་ཆེ་བཞེས་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང་། དེ་བཞིན་དེང་གི་དུས་སུ་འཛམ་གླིང་ནང་ཞི་བདེར་ཉེན་ཚབས་དང་། རང་བྱུང་ཁོར་ཡུག་གི་གནོད་སྐྱོན་ཉེན་ཚབས་ཅན་ཏུ་འགྱུར་བཞིན་ཡོད་པ་མ་ཟད། རྒྱ་གར་རྒྱལ་ཁབ་འདི་ལོ་རྒྱུས་ཐོག་ཞི་བདེའི་རྒྱལ་ཁབ་ཅིག་ཡིན་པས། རྒྱ་གར་ནང་ཡོད་པའི་ཆོས་ལུགས་ཁག་གི་བླ་ཆེན་རྣམ་པས་མཐུན་སྒྲིལ་མཉམ་ལས་ཀྱིས་འཛམ་གླིང་ཞི་བདེ་སྲུང་སྐྱོབ་དང་། ཁོར་ཡུག་སྲུང་སྐྱོབ་ཐད་ལ་ཁ་ཙམ་མ་ཡིན་པར་ལག་ལེན་བྱེད་རྒྱུའི་དུས་ལ་སླེབས་ཡོད་པའི་སྐོར་གསུངས་འདུག

གཞན་ཡང་། འབྲི་གུང་༧སྐྱབས་མགོན་མཆོག་ནས་འདས་པའི་ལོ་བཞིའི་སྔོན་ནས་བཟུང་ལ་དྭགས་ཁུལ་དུ་ལྗང་སྒྱུར་དང་རང་སྒྱུར་གྱི་ལས་འགུལ་སྤེལ་གནང་མཛད་པ་དང་། ས་གཞི་རིལ་བུ་ཚ་དྲོད་རྒྱས་ནས་གངས་རི་དག་བཞུ་འགྲོ་བར་ལ་དྭགས་ས་གནས་ཁག་ཏུ་འཁྱགས་པའི་མཆོད་རྟེན་ཟེར་བ་དང་། འཁྱགས་པའི་ཆུ་ཟར་ཟེར་བ་དགུན་ཆུ་གསོག་འཇོག་སོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ཤུགས་སྐྱོན་གནང་ཡོད་པ་དང་། ལྷག་པར་དུ་མཉན་ཡོད་ནི་ནང་པའི་གནས་རྩ་ཆེན་པོ་ཞིག་ཡིན་ཡང་། མི་མང་པོས་ཤེས་ཀྱི་མེད་པ་དང་ཡུ་པི་ས་ཁུལ་ནང་རྗེས་ལུས་ཉམ་ཐག་གི་ས་ཁུལ་ཞིག་ཏུ་གནས་སྟབས། ཁོང་གིས་འཛམ་གླིང་ཐོག་ནང་པའི་གནས་རྩ་ཆེན་དེ་ཐེག་ཆེན་པ་ཚོས་ཤེས་རྟོགས་ཡོང་ཐབས་དང་། སངས་རྒྱས་ཀྱི་མཛད་བཅུའི་ནང་། མཉན་ཡོད་བཞུགས་པ་དེ་ལ་ཕྱག་འཚལ་ལོ།། ཞེས་བྱུང་བའི་མཉན་ཡོད་ཀྱི་གནས་ཆེན་ཁག་ཙམ་དུ་མ་ཟད། མཉན་ཡོད་ཀྱི་གྲོང་ཚོ་འདི་དག་ལྗང་མདོག་ཅན་དུ་བསྒྱུར་རྒྱུར་རྒྱ་གར་གཞུང་ལ་སྙན་ཞུ་ཕུལ་གནང་ཡོད་པ་མ་ཟད། ནང་པའི་གནས་ཆེན་དེར་རིས་མེད་ལྷ་ཁང་ཆེན་མོ་ཞིག་ཕྱག་བཏབ་སྟེ། ཕྱི་ལོ་ཟླ་ ༡༠ ཚེས་ ༣༡ ཉིན་སྒོ་དབྱེའི་མཛད་སྒོ་གནང་རྒྱུ་དང་། དེ་བཞིན་མཉན་ཡོད་ཀྱི་གནས་འདིར་མཉན་ཡོད་ནང་པའི་རིག་གཞུང་འདུ་འཛོམས་ཆེན་མོ་ཞེས་པ་ཧི་མ་ལ་ཡའི་ནང་པ་གཙོ་བོར་གྱུར་པའི་མི་སྐྱ་གཞོན་སྐྱེས་རྣམས་སངས་རྒྱས་ཀྱི་གསུང་དྲི་མ་མེད་པ་ “ཆོས་ཀྱི་ཚིགས་སུ་བཅད་པའི” གསུང་ཆོས་དང་། སྨོན་ལམ། རིག་གཞུང་ཁྲབ་སྟོན་བཅས་ད་བར་ཐེངས་གསུམ་ཚོགས་ཡོད་སྐོར་གསུངས་པ་རེད།གཞན་ཡང་། འབྲི་གུང་༧སྐྱབས་མགོན་མཆོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་རྒྱུད་ཁུལ་གྱི་གཞུང་ཚབ་ཆེན་མོའི་ཐུགས་འགན་བཞེས་ཡོད་པའི་དབང་གིས། ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༡༡ པའི་ཚེས་༡༦-༡༨ བར རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཛམ་གླིང་རི་རྒྱུད་ཁུལ་དུ་གནས་པའི་གདོད་མའི་མི་རིགས་ཀྱི་རིག་གཞུང་འཁྲབ་སྟོན་དང་ཁོར་ཡུག་ལས་འགུལ་སྣ་ཚོགས་སྤེལ་ཆེད་འདུ་འཛོམས་ཆེན་མོའི་ཐེབས་རྩ་ལྷན་ཁང་དག་མཉམ་ལས་གནང་བཞིན་པ་དང་། དེ་བཞིན་ལོ་རྗེས་མར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནས་གནས་བརྟན་སྡེ་པའི་དགེ་སློང་བརྒྱ་ཕྲག་གདན་ཞུས་ཀྱིས་མཉན་ཡོད་དུ་དབྱར་གནས་འཛུག་རྒྱུ་ཡིན་པ་སོགས་གསལ་བསྒྲགས་གནང་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༡༢/༠༥

Leave a Reply