བརྗོད་པར་དཀའ་བའི་མི་ཚེའི་ལོ་རྒྱུས།

བཀའ་ཟུར་ས་འདུ་རིན་ཆེན་དོན་གྲུབ་མཆོག་གིས་བརྩམས་པའི་<<བརྗོད་པར་དཀའ་བའི་མི་ཚེའི་ལོ་རྒྱུས་>>ཞེས་པའི་བོད་སྔ་རབས་ཀྱི་ལོ་རྒྱུས་དཔེ་དེབ་དེ་བོད་ཀྱི་དཔེ་མཛོད་ཁང་གི་ངག་རྒྱུན་ལོ་རྒྱུས་ཚན་པས་དབྱིན་བསྒྱུར་འགྲེམས་སྤེལ་བྱས་འདུག

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ ཐོག་གངས་སྐྱིད་བདེ་ལེགས་སྨན་ཁང་གི་ཚོགས་ཁང་དུ་བཀའ་ཟུར་ས་འདུ་རིན་ཆེན་དོན་གྲུབ་མཆོག་གིས་བརྩམས་པའི་<<བརྗོད་པར་དཀའ་བའི་མི་ཚེའི་ལོ་རྒྱུས་>>(A Life unforeseen)ཞེས་པའི་བོད་སྔ་རབས་ཀྱི་ལོ་རྒྱུས་དཔེ་དེབ་དེ་བོད་ཀྱི་དཔེ་མཛོད་ཁང་གི་ངག་རྒྱུན་ལོ་རྒྱུས་སྡེ་ཚན་ནས་དབྱིན་བསྒྱུར་འགྲེམས་སྤེལ་དབུ་འབྱེད་གནང་སོང་བ་དང་། སྐུ་མགྲོན་གཙོ་བོར་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་བཀའ་ཟུར་བློ་བཟང་དར་རྒྱས་མཆོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དང་སྤྱི་འཐུས་ལས་ཐོག་ལས་ཟུར་ཁག་ཅིག གཞན་ཡང་། འབྲེལ་ཡོད་སེར་སྐྱ་མི་མང་བཅས་འཛོམས་འདུག

དཔེ་དེབ་དབུ་འབྱེད་ཀྱི་ཐོག་མར་བདེ་ལེགས་སྨན་ཁང་གི་བླ་སྨན་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཁོང་གི་ཡབ་ས་འདུ་རིན་ཆེན་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་མདོར་བསྡུས་དང་བརྙན་པར་ཁག་ཅིག་ངོ་སྤྲོད་གནང་རྗེས། བཀའ་ཟུར་བློ་བཟང་དར་རྒྱས་མཆོག་ནས་ལོ་རྒྱུས་དཔེ་དེབ་དེའི་བོད་ཡིག་གི་ས་བཅད་གཅིག་སྒྲོག་སྦྱངས་གནང་བ་དང་། ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་དབྱིན་ཡིག་གི་ས་བཅད་གཅིག་སྒྲོག་སྦྱངས་གནང་སོང་།

བླ་སྨན་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གསར་འགོད་པར། ལོ་རྒྱུས་དཔེ་དེབ་འདི་དབྱིན་བསྒྱུར་བྱས་པའི་དགོས་དམིགས་གཙོ་བོ་པཱ་ལགས་ཀྱིས་ཕྱི་ལོ་ ༡༩༥༩ ལོའི་སྔ་རྗེས་སུ་ལོ་མང་རིང་གཞུང་ཞབས་ཀྱི་ཕྱག་ལས་གནང་མྱོང་ཡོད་སྟབས། ཁོང་གི་མི་ཚེའི་ལོ་རྒྱུས་དེ་གལ་ཆེན་པོ་ཞེ་དྲགས་ཡིན་པ་དང་། དཔེ་དེབ་འདིའི་ནང་སྐབས་དེའི་འབྲེལ་གནས་དང་ཐུགས་འགན་གལ་ཆེན་ཁག་བྲིས་ཡོད་སྟབས། དེས་བོད་ཀྱི་གཞོན་སྐྱེས་ཚོར་གནའ་དེང་གི་ལོ་རྒྱུས་ཆ་ཚང་ཞིག་ཤེས་རྟོགས་ཡོང་བ་ཞིག་དང་། བོད་སྤྱི་ལ་ཕན་པ་ཞིག་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་ད་ལན་པཱ་ལགས་ཁོང་གི་མི་ཚེའི་ལོ་རྒྱུས་འདི་མི་མང་གིས་ཤེས་རྟོགས་ཡོང་ཐབས་དང་ཀློག་པའི་ཆེད་དུ་དབུ་འབྱེད་བྱས་པ་ཡིན། ལོ་རྒྱུས་དཔེ་དེབ་འདི་ཐོག་མར་པཱ་ལགས་ཀྱིས་བོད་ཡིག་ནང་བྲིས་པ་དང་། ཕྱིས་སུ་དབྱིན་ཇི་བ་ངོ་ཤེས་གང་མང་ཞིག་གིས་དབྱིན་ཡིག་ནང་བསྒྱུར་བའི་རེ་སྐུལ་ཞུས་པ་ལྟར། དབྱིན་ཡིག་ནང་བསྒྱུར་སྐྲུན་བྱས་པ་རེད། སྤྱིར་བཏང་སྐུ་དྲག་ཡིན་ན་མ་གཏོགས་གཞུང་ཞབས་ནང་ཕེབས་ཆོག་གི་ཡོད་པ་མ་རེད། ཡིན་ནའང་པཱ་ལགས་ཁོང་གཞུང་ཞབས་ནང་ཕེབས་པའི་བརྒྱུད་རིམ་དེ། པཱ་ལགས་ཁོང་ཁམས་དཀར་མཛེས་ཏྲེ་ཧོར་དར་རྒྱས་དགོན་པའི་འཁྲིས་དེར་འཁྲུངས་པ་དང་། རྗེས་སུ་ལྷ་སར་སློབ་གཉེར་ལ་བཏང་བ་དང་། པཱ་ལགས་ཁོང་འཁྲུངས་ས་བསྐྱོན་ས་དེ་རྭ་སྒྲེང་རྒྱལ་ཚབ་ཀྱི་ཚ་མོ་ཚེ་རིང་དབྱངས་ཅན་ལགས་ཡིན་པ་དང་། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་མཆོག་གི་སྐུ་དབང་སྟག་བྲག་རིན་པོ་ཆེར་ཕུལ་བའི་ལོ་དེར་པཱ་ལགས་ལོ་སུམ་བཅུ་ཡིན་འདུག བོད་སྡེ་བ་གཞུང་དང་རྭ་སྒྲེང་གི་དམག་ཐུག་དུས་ས་འདུ་ཚང་རྭ་སྒྲེང་གི་ཤོག་ཁག་རེད་ཅེས་སྐྱོན་འཛུགས་དང་སྒོ་ཐེལ་བསྐྱོན་པར་བརྟེན། ས་འདུ་ཚང་གིས་བོད་སྡེ་བ་གཞུང་ལ་ཁ་མཆུ་བརྒྱབས་ཏེ་ས་འདུ་ཚང་ལ་རྒྱལ་ཁ་ཐོབ་པར་བརྟེན། གཞུང་ཞབས་གནང་ཆོག་པར་བྱས་པ་རེད། ཅེས་བརྗོད་སོང་།

དཔེ་དེབ་འདིའི་ནང་དོན་ངོ་སྤྲོད་ནང་། <<བརྗོད་པར་དཀའ་བའི་མི་ཚེའི་ལོ་རྒྱུས་>>ཞེས་པ་འདིའི་ནང་རྩོམ་པ་པོ་བཀའ་ཟུར་ས་འདུ་རིན་ཆེན་དོན་འགྲུབ་མཆོག་ནས་སྒར་སྲོལ་ཡིག་རྩིས་རིག་གནས་སློབ་གཉེར་གསན་བསམ་གནང་བ་དང་། རྡོར་གླིང་དབྱིན་སློབ་ཏུ་སློབ་སྦྱོང་གནང་ཞོར་ལྷ་ས་ནས་རྒྱ་གར་སོགས་སུ་ཚོང་འཁོས་འཐབ་ལེན་གནང་སྐོར། དེའི་རྗེས་སྐུ་མཆེད་འགྲེས་པ་རྣམ་པའི་བཀའ་དགོངས་བཞིན་གཞུང་ཞབས་ཞུ་རྒྱུ་གཏན་འཁེལ་བྱུང་། ཕྱི་ལོ་ ༡༩༤༨ ལོར་གཞུང་ཞབས་ཤོད་དྲུང་ཁོངས་སུ་གསར་མཇལ་ཞུས་ཤིང་། མི་རིང་བར་ལྷ་ལྡན་ཕྱི་རྒྱལ་ལས་ཁུངས་ཀྱི་ལས་བྱར་བསྐོ་བཞག་གནང་བ་ལྟར་ཐུགས་འགན་བཞེས་སྐོར། ལྷག་པར་དུ་ཕྱི་ལོ་ ༡༩༥༩ ལོར་རང་ཡུལ་བོད་རྒྱལ་ཁབ་ནང་རྒྱ་དམར་གྱིས་དྲག་གནོན་ཛ་དྲག་ཉེན་ཆེའི་རྐྱེན་པས་རྒྱ་གར་ནང་བཙན་བྱོལ་དུ་ཡོང་དགོས་བྱུང་སྐབས་༧རྒྱལ་བའི་བཞུགས་སྒར་མ་སུ་རིར་འཕྲལ་དུ་ངོ་བཅར་གྱིས་རྒྱ་གར་གྱི་དཔོན་རིགས་རྣམ་པར་མཇལ་འཕྲད་དང་མཉམ་འབྲེལ་རྒྱལ་ཚོགས་བཅས་སུ་བོད་དོན་ཞུ་སྐུལ་གྱི་གནད་དོན་ནམ་བྱུང་ལ་གསུང་སྒྱུར་ཞབས་ཞུ། རིམ་པས་དྷ་ས་༧སྐུ་སྒེར་ཡིག་ཚང་དུ་ཕྱག་ལས་གནང་། དེའི་རྗེས་ཀལ་ཀ་ཊར་ཡིད་ཆེས་མ་རྩའི་ལས་ཁུངས་གསར་འཛུགས་ཀྱི་འགན་འཛིན་དུ་བསྐོ་བཞག་གནང་། དེའི་སྐབས་བོད་མིའི་སྤྱི་ཚོགས་ཁྲོད་ཕྱི་རྒྱལ་གྱི་སྐད་ཡིག་མཁྱེན་མཁན་ཆེས་དཀོན་ཞིང་སྐུ་ངལ་ཆེ་སྒང་གི་དུས་སུ། ཁོང་གིས་བཀའ་བློན་གྱི་མཚན་གནས་ཐོག་ལྡི་ལི་དོན་གཅོད་དུ་བསྐོ་བཞག་གནང་དོན་ཐུགས་འགན་བཞེས་པ་སོགས་ཕྱི་ལོ་ ༡༩༤༥ ནས་བཟུང་རྒྱ་དཀར་ནག་གིས་མཚོན་པའི་བོད་དང་། ཨ་རི། ཉི་ཧོང་། ཐའེ་ལན་ཌི་བཅས་ཀྱི་ནང་ཆིབས་སྒྱུར་གར་གནང་ལ་ཆིབས་ཞབས་ལྷན་བཅར་གྱིས་༧རྒྱལ་བའི་སྐུ་བཅར་གསུང་སྒྱུར་ཞབས་ཞུའི་ཐུགས་འགན་བཞེས་པ་བཅས། བོད་གཞུང་མང་དུས་གཉན་བསྟན་སྲིད་ཉག་ཕྲའི་སྐབས་རང་དོན་བློས་གཏོང་ཆེན་པོས་མི་ལོ་ ༣༢ རིང་བོད་གཞིས་བྱེས་གཉིས་སུ་སྲི་ཞུ་རྣམ་དག་བསྒྲུབས་པ་བཅས་ཀྱི་ལོ་རྒྱུས་ཞིབ་ཕྲ་གསལ་ཡོད། ཅེས་འཁོད་འདུག

བཀའ་ཟུར་ས་འདུ་རིན་ཆེན་དོན་གྲུབ་མཆོག་གི་<<བརྗོད་པར་དཀའ་བའི་མི་ཚེའི་ལོ་རྒྱུས་>>(A Life unforeseen)ཞེས་པའི་ལོ་རྒྱུས་དཔེ་དེབ་འདི་ལ་ཁྱོན་ཤོག་ངོས་ ༢༤༧ དང་། ལེའུ་ལྔ། ཀ་ཕྲེང་ས་བཅད་སུམ་བཅུས་གྲུབ་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༢/༠༥

Leave a Reply

One thought on “བརྗོད་པར་དཀའ་བའི་མི་ཚེའི་ལོ་རྒྱུས།

  1. ༄༅། སྐོུ་རིན་ཆེན་འདས་པོའི་ལྗགས་རྩོམ་གནང་བའི་ལོ་རྒྱུས་དེ་ཀློག་སྐབས་དགའ་སྐྱོ་གཉིས་ཀར་བྱུང།
    ང་ཀལ་ཀ་ཏ་མཐོ་སློབ་ཏུ་འགྲོ་སྐབས་སྐོུ་མཆོག་ཀལ་ཀ་ཏ་དུ་བོད་གཞུང་གི་ཡིད་ཆེའི་བདེ་རྩའི་འགན་འཛིན་
    གནང་གི་ཡོད་པ་རེད། ཀལ་ཀ་ཏ་ཁུལ་དུ་བོད་པའི་སློབ་ཕྲུར་གྲངས་ ༡༥ ནས་ ༢༠་བར་ཡོད་། ང་ཚོའི་སློབ་ཡོན་
    ཚང་མ་སྐོུ་མཆོག་ནས་གནང་གི་ཡོད། མཚམས་རེ་སློབ་ཕྲུག་རྣམས་ཁོང་གི་ཡིག་ཚང་ལ་འབོད་ནས་བཀའ་སློབ་གནང་
    གི་ཡོད། ཐུགས་སེམས་འཇམ་པོ་དང་ཞི་ལྷིང་པོ། བྱམས་སེམས་ཅན་ཞིག་ཡོད་པ་རེད། ཕྲུ་གུ་ཚང་མས་སྐོུ་མཆོག་ལ་
    གུས་བཀར་ཡག་པོ་ཞུ་མཁན་ཞིག་རེད། སྐོུ་མཆོག་གི་གཟིམ་ཤག་གཅིག་ར་ཇི་སྤུར་ལ་ཡོད་པ་རེད།
    བཀྲིས་བདེ་ལེགས་།