ཁེ་ན་ཌའི་སྲིད་བློན་གྱིས་འགྲོ་བ་མིའི་ཐོབ་ཐང་གླེང་སློང་བྱས་མི་འདུག

ཁེ་ན་ཌའི་སྲིད་བློན་ཊི་རུ་ཌོ་ལགས་ཀྱིས་རྒྱ་ནག་གི་སྲིད་བློན་ལི་ཁི་ཆཱང་ལ་ཐུག་འཕྲད་གནང་སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་གནང་མི་འདུག

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣ ནས་ཁེ་ན་ཌའི་སྲིད་བློན་ཊི་རུ་ཌོུ་ (Justin Trudeau) ཡི་རྒྱ་ནག་ནང་ཉིན་ལྔ་རིང་གི་རྒྱལ་དོན་སྐོར་སྐྱོད་མགོ་བཙུགས་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༤ ཉིན་པེ་ཅིན་གྲོང་ཁྱེར་གྱི་མི་དམངས་ཚོགས་ཁང་ཆེན་མོའི་ནང་། ཁེ་ན་ཊའི་སྲིད་བློན་ཊི་རུ་ཌོ་དང་རྒྱ་ནག་གི་སྲིད་བློན་ལི་ཁི་ཆཱང་གཉིས་ཐུག་འཕྲད་ཀྱིས་ཕྱོགས་གཉིས་བར་རང་བྱུང་ནུས་ཤུགས་དང་ཤེས་ཡོན་སློབ་གསོ་བརྗེ་རེས། གནམ་གཤིས་འགྱུར་ལྡོག་གི་འཇིག་ཉེན་ལ་མཉམ་འབྲེལ་གདོང་ལེན་བྱེད་ཕྱོགས། ལྷག་པར་དུ་རྒྱལ་ཁབ་གཉིས་བར་རང་དབང་ཉོ་འཚོང་གི་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད་ཀྱང་། སྲིད་བློན་ཊི་རུ་ཌོ་ཡིས་རྒྱལ་སྤྱིའི་རང་དབང་ཚོགས་སྡེ་ཁག་གི་རེ་སྐུལ་ལྟར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་རྙོག་སྐོར་གླེང་སློང་བྱས་མེད་པ་རེད།

རྒྱ་ནག་གཞུང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་བསྡུས་པའི་ཐོག་ལི་ཁི་ཆཱང་གིས། ད་ལྟའི་ཁེ་ན་ཌ་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་ནི་གསེར་མདོག་གི་དུས་རབས་ཤིག་ཏུ་སླེབ་ཡོད་པ་དང་། ཁེ་ན་ཌ་དང་རྒྱ་ནག་རྒྱལ་ཁབ་གཉིས་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་རྒྱལ་ཁབ་གཙོ་བོ་དང་འཛམ་གླིང་གི་ཉོ་འཚོང་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པར་མ་ཟད། ཉོ་འཚོང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་དང་ནུས་པ་ཆེན་པོ་བཏོན་པ་དེ་ནི་ཕྱོགས་གཉིས་ཐུན་མོང་ཁེ་ཕན་དང་ཧ་ཅང་འཚམ་པ་དང་། རྒྱ་ནག་གིས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒོ་མོ་སྔར་ལས་ཡངས་པར་ཕྱེས་ཏེ། ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་བཏང་ནས་མུ་མཐུད་རྒྱ་ནག་ནི་ཚོང་འབྲེལ་རྒྱལ་ཁབ་ཁེ་ན་ཌ་གཙོས་པའི་རྒྱལ་སྤྱིའི་དངུལ་གཏོང་གི་ས་ཁུལ་གཙོ་བོར་འགྱུར་བར་འབད་བརྩོན་བྱེད་ངེས་ཡིན། ད་ལན་ཊི་རུ་ཌོ་ཡིས་རྒྱ་ནག་ནང་རྒྱལ་དོན་སྐོར་སྐྱོད་བྱས་པ་དེས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་དེ་ཧ་ཅང་གལ་ཆེན་ཡིན་པ་མཚོན་ཡོད། ཁེ་ན་ཌ་ནི་རྒྱ་ནག་གི་ཚོང་འབྲེལ་རྒྱལ་ཁབ་ཆགས་ཡོད་ཀྱང་། ཕྱོགས་གཉིས་བར་གྱི་ཚོང་འབྲེལ་ཁོར་ཡུག་ལ་འགྱུར་བ་ཕྱིན་ཡོད་སྟབས། རྒྱལ་ཁབ་གཉིས་ཀྱིས་ཉོ་འཚོང་ཁོར་ཡུག་གི་འགྱུར་ལྡོག་སྙོམ་སྒྲིག་བྱེད་དགོས། རྒྱ་ནག་ནི་ཁེ་ན་ཌའི་དངོས་ཟོག་ཕྱིར་འདྲེན་བྱེད་སའི་རྒྱལ་ཁབ་ཅིག་ཆགས་ཡོད་པ་དང་། མི་འགྱངས་པར་རྒྱ་ནག་ནི་རྒྱལ་སྤྱིའི་ཉོ་འཚོང་ཁྲོམ་ར་ཆེ་ཤོས་སུ་འགྱུར་ངེས་ཡིན། ཞེས་བརྗོད་འདུག

སྐབས་དེར་ཊི་རུ་ཌོ་ཡིས། ལོ་སྔོན་མར་རྒྱ་ནག་གིས་རྒྱལ་སྤྱིའི་ཚོང་ཟོག་ནང་འདྲེན་ལ་དམ་དྲག་ཆེན་པོ་བྱས་པར་བརྟེན། ཁེ་ན་ཌའི་ཚོང་ཟོག་རྒྱ་ནག་ནང་ཕྱིར་ཚོང་བྱེད་པར་དཀའ་རྙོག་མང་པོ་འཕྲད་ཀྱི་ཡོད་སྟབས། ཕྱི་ལོ་ ༢༠༢༠ བར་ཁེ་ན་ཌའི་ཟ་སྣུམ་ (Canola) རྒྱ་ནག་ནང་ཕྱིར་ཚོང་བྱེད་པའི་དཀའ་རྙོག་སེལ་དགོས་པར་མ་ཟད། རྒྱལ་ཁབ་ཕན་ཚུན་ནང་ཡུལ་སྐོར་སྤྲོ་འཆམ་ལས་རིགས་སྒོ་འབྱེད་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྔར་ལས་ལྷག་པར་ཡར་རྒྱས་སུ་གཏོང་དགོས་པ་དང་། ཁེ་ན་ཌ་ཡིས་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཁེ་ན་ཌར་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ལ། ཁེ་ན་ཌ་ཡིས་རྒྱ་ནག་དང་མཉམ་དུ་འཛམ་གླིང་ཅན་དང་རང་མོས་ཅན་གྱི་ཉོ་འཚོང་ལས་རིགས་ལ་སྐུལ་འདེད་གཏོང་འདོད་ཡོད། ཅེས་བརྗོད་འདུག

ཁེ་ན་ཌའི་སྲིད་བློན་ཊི་རུ་ཌོ་ཡི་རྒྱ་ནག་ནང་རྒྱལ་དོན་སྐོར་སྐྱོད་ཀྱི་སྔ་རྗེས་སུ། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་རང་དབང་ཚོགས་སྡེ་ཁག་ ༡༥ ཡི་ཚོགས་མི་ཐུན་མོང་གིས་སྲིད་བློན་ཊི་རུ་ཌོ་ལ་དོན་ཚན་གསུམ་ཅན་གྱི་ཞུ་ཡིག་བསྐུར་ཏེ། འགྲོ་བ་མིའི་ཐོབ་ཐང་ནི་ཁེ་ན་ཌ་དང་རྒྱ་ནག་བར་གྱི་འབྲེལ་ལམ་གྱི་གཞི་རྩར་འཛིན་དགོས་པ་དང་། རྒྱལ་ཁབ་གཉིས་བར་ཚོང་འབྲེལ་གྲོས་ཆོད་ག་རེ་བཞག་པ་ཡིན་ནའང་གྲོས་ཆོད་ཀྱི་སྔ་གཞུག་ཀུན་ཏུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཕྱོགས་ཡོངས་ནས་གླེང་སློང་དགོས་པ། དེ་བཞིན། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དམ་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་བསྟུན། རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་ཁེ་ན་ཌའི་མི་སེར་ ༡༦ དང་། གཞན་ཡང་འབྲེལ་ཡོད་བཅས་ཉེས་མེད་བཙོན་པ་རྣམས་ཀློད་གྲོལ་གཏོང་དུ་འཇུག་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

རྒྱལ་སྤྱིའི་ཉེ་ཡངས་ཚོགས་པའི་ཚོགས་མི་ནཱ་ཛི་གྷིར་ (Nafziger) ཞུ་བ་ཞིག་གིས། རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་སྨྲ་བརྗོད་རང་དབང་དང་། སྲིད་གཞུང་གི་ནོར་འཁྲུལ་ཐེར་འདོན་བྱེད་མཁན་ཁྲིམས་རྩོད་པ། གསར་འགོད་པ། རང་དབང་དམངས་གཙོ་དོན་གཉེར་བ་ཚོར་དྲག་གནོན་བྱེད་བཞིན་ཡོད་པ་དང་། རྒྱ་ནག་ནང་གི་འགྲོ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཞན་པོ་ཡིན་པས་ང་ཚོས་སེམས་ཁྲེལ་བཞིན་ཡོད། ཅེས་བརྗོད་འདུག

ཊོ་རོན་ཊོ་གཙུག་ལག་སློབ་ཆེན་གྱི་ཨེ་ཤ་ཡའི་ཆབ་སྲིད་ཞིབ་འཇུག་ཚན་པའི་ཆེད་མཁས་པ་ཌ་ནཱ་ཧྥི་ (Diana Fu) ཞུ་བ་ཞིག་གིས། དཔལ་འབྱོར་འདུ་འགོད་ལ་བརྟེན་ནས་རྒྱ་ནག་གཞུང་གིས་མི་མང་ས་ཡ་ ༧༠༠ ལྷག་དབུལ་ཕོངས་བཟོས་ཡོད་པ་དེ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཐུག་ཡོད་པས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་འཛིན་པའི་ཆབ་སྲིད་ལངས་ཕྱོགས་ལ་བཅོས་སྒྱུར་གཏོང་དགོས། རྒྱ་ནག་ནང་གི་ཆབ་སྲིད་རང་དབང་དང་དཔལ་འབྱོར་འདུ་འགོད་རང་དབང་། སྨྲ་བརྗོད་རང་དབང་། གསར་འགོད་རང་དབང་། འདུ་ཚོགས་རང་དབང་། མི་སྒེར་གྱི་རང་དབང་སྲུང་སྐྱོབ་བཅས་ཀྱི་གནད་དོན་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་ཁ་འབྲལ་ཐབས་མེད། ཅེས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༢/༠༥

Leave a Reply