༧གོང་ས་མཆོག་ལ་གཟེངས་རྟཊ་ཕུལ།

ཧི་མ་ཅལ་མངའ་སྡེ་གཞུང་གི་མཐོ་སློབ་ཀྱི་སློབ་སྤྱི་ལགས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་བྱམས་སྙིང་རྗེ་ཡི་བདག་པོ་དང་སངས་རྒྱས་དངོས་ཤིག་ཡིན་པས་ཁོང་གི་བཀའ་སློབ་ཀྱིས་མིའི་བཟང་སྤྱོད་ཡར་རྒྱས་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་ཕན་རླབས་ཆེན་པོ་ཡོང་གི་ཡོད་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་། བཞུགས་སྒར་དྷ་རམ་ས་ལའི་ཉེ་འཁྲིས་ཧི་མ་ཅལ་མངའ་སྡེ་གཞུང་གི་མཐོ་སློབ་ཀྱི་ཚོགས་ཁང་དུ། མཐོ་སློབ་དེའི་དགེ་རྒན་མཐུན་ཚོགས་ཀྱི་གོ་སྒྲིག་འོག་མཐོ་སློབ་ཀྱི་ལོ་འཁོར་གཟེངས་རྟགས་འབུལ་བའི་མཛད་སྒོ་ཞིག་ཚོགས་སོང་བ་དང་། མཛད་སྒོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བོད་མི་མང་སྤྱི་འཐུས་ཁག་གཅིག་དང་། མཐོ་སློབ་དེའི་སློབ་སྤྱི་ལགས་ཀྱི་གཙོས་པའི་དགེ་ལས་སློབ་ཕྲུག་རྣམས་དང་། ས་གནས་མི་མང་བཅས་ ༣༠༠ ལྷག་འཛོམས་འདུག

མཛད་སྒོའི་ཐོག་མཐོ་སློབ་དེའི་རོལ་དབྱངས་དགེ་རྒན་རྣམས་དང་སློབ་ཕྲུག་ཁག་ཅིག་ནས་༧གོང་ས་མཆོག་ལ་ཆེད་བསྟོད་ཀྱི་གཞས་སྣ་འཁྲབ་སྟོན་གནང་གྲུབ་རྗེས། སློབ་སྤྱི་སོ་ནེལ་གོ་མལ་མའེ་དཱ་(Sunil Kumar Mehta)ལགས་ཀྱིས་མཐོ་སློབ་དེའི་ཚབ་ཞུས་ཏེ། ༧ གོང་ས་མཆོག་ལ་བྱམས་སྙིང་རྗེའི་བདག་ཉིད་ཅན་གྱི་མཚོན་བྱེད་དུ་ཧི་མ་ཅལ་གྱི་སྲོལ་རྒྱུན་དབུ་ཞྭ་ཞིག་དང་། གཟན་གཅིག  དེ་བཞིན།  སྐུ་འདྲ་ཞིག་བཅས་འབུལ་ལམ་ཞུས་སོང་བ་དང་། མཛད་སྒོའི་ཐོག་སློབ་ཕྲུག་སོགས་ལ་ལོ་འཁོར་གྱི་གཟེངས་རྟགས་རྣམས་གནང་མ་སོང་ཡང་གཟེངས་རྟགས་གྲ་སྒྲིག་གིས་སྒྲིག་ཤོམ་གནང་འདུག

མཐོ་སློབ་ཀྱི་སློབ་སྤྱི་ལགས་ནས་ཕེབས་བསུའི་གཏམ་བཤད་གནང་སྐབས།   བཀུར་བར་འོས་པའི་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ངས་གཙུག་ལག་སློབ་གཉེར་ཁང་འདིའི་དགེ་ལས་སློབ་ཕྲུག་ཡོངས་ཀྱི་ཚབ་བྱས་ཏེ། དེ་རིང་༧སྐུ་ཉིད་འདིར་ཕེབས་བཅར་གནང་ཐུབ་པར་དགའ་སྤྲོ་དཔག་མེད་སྐྱེས་པ་དང་ལྷན་དུ་སྐུ་ཉིད་ལ་ཐུགས་རྗེ་ཆེ་གྲངས་མེད་ཞུ་རྒྱུ་དང་།   སྐུ་ཉིད་ཀྱི་མདུན་ནས་བླང་དོར་བཀའ་སློབ་ཞུ་ཆེད་ང་ཚོ་འདིར་འཛོམས་པ་དང་། དེ་རིང་གི་ཉིན་མོ་འདི་དམིགས་བསལ་བ་ཞིག་ཆགས་ཡོད་སྟབས།  ཁྱེད་ཀྱི་བཀའ་དྲིན་བརྗེད་ཐབས་མེད། ཅེས་དང་། ང་ཚོ་མི་དཀྱུས་མ་ཡིན་པ་གང་ཞིག་ལ་སེམས་རྒྱུད་ཡོངས་རྫོགས་མ་རིག་པ་དང་ཁོང་ཁྲོ། ང་རྒྱལ་སོགས་ཀྱིས་ཁེངས་ཡོད་ཀྱང་། ༧གོང་ས་མཆོག་སྐུ་འཚོ་བཞུགས་ཀྱིས་འཛམ་གླིང་སྟེང་མཛད་འཕྲིན་རླབས་ཆེན་སྐྱོང་བཞིན་པ་འདིས་ང་ཚོའི་མ་རིག་པའི་མུན་པ་སེལ་གྱི་ཡོད་པ་མ་ཟད། ༧གོང་ས་མཆོག་ནི་བྱམས་སྙིང་རྗེ་ཡི་བདག་པོ་དང་སངས་རྒྱས་དངོས་ཤིག་ཡིན་པས། ཁོང་གི་བྱམས་སྙིང་རྗེ་ཡི་བཀའ་སློབ་ཟབ་མོས་འགྲོ་བ་མི་ཡོངས་ཀྱི་སེམས་པ་བཟང་པོ་དང་སྤྱི་ཚོགས་འཆམ་མཐུན་ཅན་ཏུ་བསྒྱུར་བཞིན་ཡོད་སྐོར་གསུངས་སོང་།

མཇུག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བླང་དོར་བཀའ་སློབ་གནང་སྐབས། ཁོང་ནི་རྒྱ་གར་གྱི་གནའ་བོའི་དཔལ་ན་ལན་ཌིའི་སློབ་མ་ཞིག་ཡིན་ལ།  སྐུ་ཚེའི་སྟོད་ཀྱི་ལོ་བདུན་བརྒྱད་ཅིག་གི་རིང་རྒྱ་གར་གྱི་གནའ་བོའི་རིག་གནས་ལ་སློབ་སྤྱོང་གནང་ཡོད་ནའང་སྐབས་དེར་སྒྱིད་ལུག་གིས་སློབ་སྦྱོང་བྱེད་འདོད་རྩ་བ་ནས་མེད་ཀྱང་། ཕྱིེས་སུ་རྒྱ་གར་གྱི་གནའ་བོའི་རིག་གནས་ཀྱིས་ནང་སེམས་ལ་ཕན་ཐོགས་རླབས་ཆེན་ཡོད་པ་ཤེས་སྟབས། རིམ་བཞིན་སློབ་སྦྱོང་བྱེད་པའི་འདུན་པ་ཆེན་པོ་བྱུང་སྐོར་དང་།  ད་ལྟ་ཁོང་འཛམ་གླིང་ས་ཕྱོགས་གང་དུ་ཕེབས་ཀྱང་ཁོང་ནི་འཚེ་མེད་ཞི་བའི་ལྟ་གྲུབ་དང་རྒྱ་གར་གྱི་གནའ་བོའི་རིག་གནས་ཀྱི་ཕོ་ཉ་ཞིག་ཡིན་ཞེས་གསུང་གི་ཡོད་ལ། དགུང་ལོ་ ༡༦ ཐོག་སྐུ་སྒེར་གྱི་རང་དབང་མེད་པ་ཆགས་པ་དང་། དགུང་ལོ་ ༢༤ ཐོག་ལུང་པ་གཞན་ལག་ཏུ་ཤོར་བ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཡོད་ཀྱང་། སྐབས་དེར་རྒྱ་གར་གྱི་གནའ་བོའི་རིག་གནས་འཚེ་མེད་ཞི་བའི་ལྟ་གྲུབ་སོགས་ཀྱིས་ནང་སེམས་ལ་ཕན་ཐོགས་ཆེན་པོ་བྱུང་སྐོར་གསུངས་སོང་།

གཞན་ཡང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་འོག་ནས་རྒྱ་གར་ལ་རང་བཙན་ཐོབ་པ་ནས་བཟུང་། རྒྱ་གར་བས་སོ་སོའི་གནའ་བོའི་རིག་གནས་ལ་དོ་སྣང་མ་བྱས་པར་ཕྱི་དངོས་པོའི་རིག་གནས་དང་འཚོ་བའི་ཕྱོགས་སུ་ཧོར་རྒྱུགས་བྱེད་ཀྱི་ཡོད་པ་ཞིག་གཟིགས་ཀྱི་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་ཨ་རི་དང་ཡུ་རོབ། ཉི་ཧོང་སོགས་ཕྱི་དངོས་པོའི་ཐོག་ནས་ཧ་ཅང་གི་སྔོན་ཐོན་ཡིན་ཡང་།  ནང་སེམས་ཀྱི་ཐོག་ནས་ཞི་བདེ་དང་བདེ་སྐྱིད་མེད་པ་སོགས་ཀྱི་དཀའ་ངལ་གྱིས་ཁེངས་བསྡད་ཡོད་པ་ཤེས་གསལ་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༢/༠༥

Leave a Reply