སྲིད་ཚབ་མཆོག་ནས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེར་ནང་ཁུལ་གན་ཡིག་བཞག་ཡོད་ཀྱང་ནང་ཁུལ་ཡིག་ཆ་དེ་ནང་ཁུལ་དུ་འཇོག་མ་ཐུབ་པར་བརྟེན་ཐེངས་འདིའི་ཟིང་འཁྲུག་བྱུང་བ་ཡིན་སྐོར་གསུངས་སོང་།
ཉེ་ཆར་བཀའ་ཤག་ནས་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བ་དང་འབྲེལ་ཏེ། སྤྱི་ཚོགས་ནང་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གི་ཨ་སྒོར་ས་ཡ་ ༡།༥ དེ་བུ་ལོན་ཡིན་མིན་གྱི་གླེང་སློང་སྣ་ཚོགས་ཤིག་བྱུང་དང་འབྱུང་གི་ཡོད་སྟབས། ཁ་སང་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གིས་ཨ་སྒོར་ས་ཡ་ ༡།༥ གནད་དོན་སྐོར་ལ་གསལ་བཤད་ཅིག་གནང་འདུག
གསལ་བཤད་དེའི་མཇུག་ཏུ། བོད་མིའི་སྒྲིག་འཛུགས་ནས་བུན་དངུལ་ཡིག་ཆའི་འབྲུ་དོན་རྩ་འཛིན་དང་། བོད་ཀྱི་ཐེབས་རྩ་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་འབྲེལ་ལམ་མུ་མཐུད་ཕན་ཚུན་བརྩི་མཐོང་དང་། གཅིག་ཕན་གཅིག་གྲོགས་བྱུང་ཚེ། བོད་ཀྱི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ནས་འབྱུང་འགྱུར་དུས་སྐབས་རན་པ་ཞིག་ལ་བུན་ལོན་རོགས་དངུལ་དུ་ག་བསྒྱུར་ཞུ་ཐུབ་པའི་རེ་འདུན་ལ་མུ་མཐུད་བསམ་ཞིབ་ཞུ་བཞིན་ཡོད། ཅེས་བརྗོད་འདུག
དེ་རིང་འདི་གའི་གསར་འགོད་པས་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ལ་ཨ་རིའི་བོད་ཀྱི་ཐེབས་རྩའི་གསལ་བཤད་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས། གནད་དོན་དེ་ལ་ཕྱོགས་གཉིས་ནས་ལྟ་དགོས་པ་དང་། བོད་ཀྱི་ཐེབས་རྩའི་ངོས་ནས་ཡུལ་ཁྲིམས་དང་། དངུལ་དང་འབྲེལ་བའི་ཡིག་ཆ་ཁག་ལ་བསྟུན་དགོས་ཡོད་སྟབས། ཨ་སྒོར་ས་ཡ་༡།༥ དེ་གནས་སྐབས་རིང་བུ་ལོན་དང་དེ་ནས་རིམ་བཞིན་གནང་སྦྱིན་དུ་བསྒྱུར་རྒྱུ་དེ་བོད་ཀྱི་ཐེབས་རྩ་ཁོ་རང་ཚོའི་འགྲོ་སྟངས་དེ་རེད། འོན་ཀྱང་། ད་ལྟ་སྤྱི་ཚོགས་ནང་གླེང་གཞིར་གྱུར་བའི་བུ་ལོན་ཡིན་མིན་ཐད། ང་ཚོར་གནང་སྦྱིན་རང་ཡིན་པ་ལས་བུ་ལོན་ཆགས་མེད་ཅེས་ཞུ་རྒྱུ་ཡིན། དངུལ་རྩིས་དང་འབྲེལ་བའི་བརྒྱུད་རིམ་ཚང་མ་བོད་ཀྱི་ཐེབས་ནས་གོ་སྒྲིག་བྱས་ཏེ། ང་ཚོས་ཕན་ཚུན་དབར་ནང་ཁུལ་གན་ཡིག་བཞག་ཡོད་ཀྱང་། ནང་ཁུལ་ཡིག་ཆ་དེ་ནང་ཁུལ་དུ་འཇོག་མ་ཐུབ་པར་བརྟེན་ཐེངས་འདིའི་ཟིང་འཁྲུག་བྱུང་བ་རེད། བོད་ཀྱི་ཐེབས་རྩ་ཁྲིམས་དང་བསྟུན་དགོས་ཡོད་སྟབས། ཁོ་རང་ཚོའི་གསུངས་བ་དེར་ཁག་ཡོད་པ་མ་རེད། འོན་ཀྱང་། ང་ཚོས་བོད་ཀྱི་ཐེབས་རྩ་ལྷན་དུ་ནང་ཁུལ་སྐད་ཆ་བཤད་ཡོད་པ་དེ་རྩ་འཛིན་བྱེད་ཀྱི་ཡོད་ལ། ནང་གི་སྐད་ཆ་དེ་ང་ཚོ་ནང་ཁུལ་དབར་ཕན་ཚུན་ཡིད་ཆེས་བྱས་ཏེ་གཏན་འཁེལ་བྱུང་བ་ཞིག་ཡིན་ལ། བོད་ཀྱི་ཐེབས་རྩའི་འགྲོ་ལུགས་བརྒྱུད་རིམ་དེ་ཁོ་རང་ཚོའི་བྱེད་སྒོ་དབྱིན་སྐད་དུ་(Business)ཡི་བཟོ་ལྟ་འདྲ་མིན་འགྲོ་བསམ་གྱི་འདུག ཅེས་གསུངས་སོང་།
ཡང་བོད་ཀྱི་ཐེབས་རྩའི་ལོ་འཁོར་རྩིས་ཁྲའི་ནང་དངུལ་དེ་བུ་ལོན་རྩིས་ཡོད་པའི་སྐོར་ལ་ཁོང་གིས། བོད་ཀྱི་ཐེབས་རྩའི་རྩིས་ཁྲའི་ནང་དངུལ་དེ་བུན་ལོན་གྱི་དངུལ་བྱས་ནས་འགྲོ་ཡི་ཡོད་པར་ང་ཚོར་བྱེད་ཐབས་གང་ཡང་མེད་ཀྱང་། ང་ཚོས་ནང་ཁུལ་སྐད་ཆ་བཤད་དེ་བོད་ཀྱི་ཐེབས་རྩ་ནས་དངུལ་དེ་ང་ཚོར་སྤྲད་པ་མ་ཟད། དངུལ་དེར་ང་ཚོའི་དབར་བཀའ་མོལ་མང་པོ་བྱུང་སྟེ་སྤྲོད་དགོས་པའི་གནས་སྟངས་བྱུང་ཡོད། དེར་བརྟེན། ང་ཚོར་གནང་སྦྱིན་རང་གི་ངོ་བོ་ཆགས་ཡོད། དེ་མིན་ང་ཚོས་འགྲོ་གྲོན་ཆེན་པོ་བཏང་སྟེ་ཁང་པ་ཉོ་མི་སྲིད་ལ། རྣམ་པ་ཚོས་མཁྱེན་གསལ་ལྟར། ཁང་པ་ཉོ་བྱེད་ཀྱི་དངུལ་དེའི་ཕྱེད་ཀ་དགའ་ལྡན་ཕོ་བྲང་ནས་གསོལ་རས་གནང་བ་རེད། གལ་སྲིད་དངུལ་དེའི་ཕྱེད་ཀ་ལ་དཀའ་ངལ་ཡོད་ཚེ་ཕྱེད་ཀ་གཞན་དེ་ལའང་དཀའ་ངལ་འཕྲད་ཀྱི་ཡོད། དེར་བརྟེན། ང་ཚོས་ནང་གི་སྐད་ཆ་དེ་ནང་ལ་བཞག་སྟེ་བོད་ཀྱི་ཐེབས་རྩ་དང་ལྷན་དུ་བཀའ་མོལ་འབྲེལ་ལམ་སྔར་རྒྱུན་བཞིན་ཡོད་པ་ལྟར་བཀལ་མོལ་བྱུང་བ་དང་། བོད་ཀྱི་ཐེབས་རྩའི་ངོས་ནས་དགོངས་པ་ཆེར་བཞེས་ཀྱིས་སྐུ་ཚབ་དོན་གཅོད་ཁང་དེ་རྒྱལ་ས་ཝ་ཤིན་ཊོན་ཌི་སིར་ཡོད་དགོས་པ་གལ་གནད་མཐོང་སྟེ། བོད་ཁང་དང་། དོན་གཅོད་ཁང་། དེ་བཞིན། བོད་ཀྱི་ཐེབས་རྩ་ཚང་མས་མོས་མཐུན་བྱུང་ཐོག་གཅིག་གིས་གཅིག་ལ་རོགས་རམ་བྱས་པ་རེད། ཅེས་སོགས་གསུངས་སོང་།
གསར་འགོད་པ། སྐལ་བཟང་སྦྱིན་པ།