གེ་སར་རིག་གནས་དཔྱད་གླེང་ཚོཊ་འདུ་ཚོཊ།

གླིང་གེ་སར་རིག་གནས་ཀྱི་དཔྱད་གླེང་ཚོགས་འདུ་སྐབས་དང་པོ་ཟི་ལིང་གྲོང་ཁྱེར་དུ་ཚོགས་ཏེ་གླིང་སྒྲུང་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། ཞིབ་འཇུག་གི་རྣམ་པ་གསར་གཏོད་བཅས་ཀྱི་ཐད་ལ་དཔྱད་གླེང་དང་དགོངས་འཆར་བརྗེ་རེས་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༦ ནས་ ༧ བར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གེ་སར་ཞིབ་འཇུག་ལྟེ་གནས། མཚོ་སྔོན་སེང་འབྲུག་སྟག་རྩེ་བོད་ཀྱི་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཚོང་གཉེར་ཁང་བཅས་ཀྱི་ཐུན་མོང་གོ་སྒྲིག་འོག གླིང་གེ་སར་རིག་གནས་ཀྱི་དཔྱད་གླེང་ཚོགས་འདུ་སྐབས་དང་པོ་སྐོང་ཚོགས་བྱས་ཡོད་པ་དང་། ཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་མགོ་གཙོ་གཞོན་པ་རིན་ཆེན་རྣམ་རྒྱལ་དང་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་འགན་འཛིན་དབང་གྲགས། པེ་ཅིན་དང་ཀན་སུའུ། བོད་ལྗོངས། སི་ཁྲོན། ཡུན་ནན་བཅས་ནས་ཕེབས་པའི་འབྲེལ་ཡོད་ཆེད་མཁས་པ་བརྒྱ་ཕྲག་ལྷག དེ་བཞིན་ཚོགས་ཞུགས་ཆེད་མཁས་པ་དང་ཞིབ་འཇུག་པ། སྒྲུང་བ་བཅས་ཀྱིས་གླིང་སྒྲུང་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། ཞིབ་འཇུག་གི་རྣམ་པ་གསར་གཏོད་བཅས་ཀྱི་ཐད་ལ་དཔྱད་གླེང་དང་དགོངས་འཆར་བརྗེ་རེས་བྱས་ཡོད་འདུག

མཚོ་སྔོན་ཞིང་ཆེན་མང་འཐུས་རྒྱུན་ལས་ལྷན་ཁང་གི་མགོ་གཙོ་གཞོན་པ་སྟག་འབུམ་ཐར་གྱིས། གེ་སར་རིག་གནས་ནི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཤུལ་བཞག་རིག་གནས་རྩ་ཆེན་ཞིག་ཡིན་སྟབས། ཞི་ཅིན་ཕིན་གྱི་རིག་རྩལ་ལས་རིགས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གེ་སར་རིག་གནས་ཐད་བཏོན་པའི་མཛུབ་སྟོན་ཇི་བཞིན། སྲོལ་རྒྱུན་གྱི་ཤུལ་བཞག་རིག་གནས་འདི་རྒྱུན་འཛིན་དང་སྲུང་སྐྱོབ་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་མཐོ་རུ་བཏེགས་ཀྱིས། སྲོལ་རྒྱུན་ཁྱད་འཕགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། མང་ཚོགས་ཀྱི་བསམ་པའི་འཚོ་བ་དང་རིག་རྩལ་གྱི་དགོས་མཁོ་སྐང་དགོས་སྐོར་བརྗོད་འདུག

མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གི་འགན་འཛིན་དབང་གྲགས་ཀྱིས། རིག་གཞུང་ཁག་བར་གླིང་གི་ཁྱིམ་རྒྱུད་ལོ་རྒྱུས་ལ་སོགས་ཀྱི་ཐད་རྩོད་གཞི་ཅུང་ཡོད་པ་དེས་གེ་སར་རིག་གནས་ལ་ཞིབ་འཇུག་བྱེད་པའི་གོམ་སྟབས་ཇེ་དལ་དུ་ཕྱིན་ཡོད་པ་དང་། ང་ཚོས་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་འབྲས་བུ་གསར་པ་ཁག་ལ་སློབ་སྦྱོང་བྱས་ཏེ། ཡུན་རིང་གི་འཆར་འགོད་དང་བགྲོ་གླེང་གཏིང་ཟབ་གནང་དགོས། ཞེས་བརྗོད་འདུག

གནའ་དེང་གི་འཛམ་གླིང་ཤར་ནུབ་ཀྱི་གླེང་སྒྲུང་ཞིབ་འཇུག་པ་དང་ཆེད་མཁས་པ་ཚོས། གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་ཐོག་བྱོན་མྱོང་བའི་རྒྱལ་པོ་དབང་ཐང་ཅན་ཞིག་ཡིན་པ་དང་། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་ཐོག་ཆེས་རིང་ཤོས་ཀྱི་ལོ་རྒྱུས་སྙན་ངག་ཅིག་ཡིན་པར་མ་ཟད། དེ་ནི་བོད་མི་རིགས་ཀྱི་བླ་ན་མེད་པའི་རིག་གནས་ཀྱི་ཤུལ་བཞག་ཅིག་ཀྱང་ཡིན་ལ། གླིང་སྒྲུང་རིག་གནས་ནི་ལོ་རྒྱུས་ཀྱི་ངོས་ནས་གླིང་རྗེ་གེ་སར་རྒྱལ་པོས་ཧོར་འཇང་གཙོས་པའི་མི་རིགས་གཞན་གྱི་གཉའ་གནོན་དང་བཙན་འཛུལ་ལ་འགོག་རྒོལ་བྱས་ཏེ་རང་ས་རང་སྲུང་དང་། རང་དབང་རང་བཙན་གྱིས་གླིང་ཡུལ་ལམ་བོད་ཤར་རྒྱུད་བདག་སྐྱོང་བྱས་ཚུལ་དང་། རྩོམ་རིག་གི་ངོས་ནས་རྒྱ་དཀར་ནག་གི་རྩོམ་རིག་དབང་སྒྱུར་གྱི་ཤན་མ་ཞུགས་པར་བོད་མིའི་རྣམ་དཔྱོད་ཀྱི་མཛེས་རྩལ་དང་། གདོད་མ་ནས་དར་འཕེལ་བྱུང་བའི་བོད་དང་བོད་མིའི་ཡུལ་སྲོལ་གོམས་གཤིས། འཚོ་བ་དངོས། བོད་མི་རིགས་ཀྱི་སེམས་ཁམས་རྣལ་མ་ཞིག་མཚོན་གྱི་ཡོད་སྟབས། གླིང་སྒྲུང་རིག་གནས་ནི་ལོ་རྒྱུས་དང་རྩོམ་རིག་གང་ཐད་ནས་བོད་མི་རིགས་ཀྱི་ངོ་བོ་རང་ཚུགས་ཐུབ་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༢/༠༨

Leave a Reply

One thought on “གེ་སར་རིག་གནས་དཔྱད་གླེང་ཚོཊ་འདུ་ཚོཊ།

  1. མཁྱེན་ལྡན་ཡངས་པ་ཚོ། གླིང་གེ་སར་་་ སྙན་ངག་པའི་ལྷ་སྒྲུང་ཡིན། དངོས་བྱུང་ཡིན། དངོས་བྱུང་ཡིན་ན་་་ ནམ་ཡིན། B.C ཡིན་ A.D ཡིན་ ❓❗️❗️❗️