ནེའུ་ཡོག་ཏུ་རང་ཤི་འབར་གས་བྱུང་།

ནེའུ་ཡོག་གི་འདུ་འཛི་ཆེ་བའི་ས་འོག་ཕུག་ལམ་ཞིག་ཏུ་རང་ཤི་གཏོར་རྒོལ་བཏང་སྟེ་ཉེས་ངན་ཁོ་རང་ཚུད་པའི་མི་བཞི་ལ་རྨས་སྐྱོན་བཟོས་ཡོད་འདུག

ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་སྔ་དྲོའི་ཆུ་ཚོད་ ༧།༢༠ ཐོག་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་མི་མང་འདུ་འཛི་ཆེ་ས་མེན་ཧྭ་ཐན་ (Manhattan) ས་འོག་ཕུག་ལམ་གྱི་ཟུར་ཞིག་ཏུ། མི་ཞིག་གིས་རང་ལུས་སུ་འབར་རྫས་བཏགས་ནས་གཏོར་རྒོལ་བཏང་སྟེ་ཁོ་རང་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་མ་ཟད། ཉེ་འཁྲིས་སུ་ཡོད་པའི་མི་གསུམ་ལ་རྨས་སྐྱོན་བཟོས་ཡོད་འདུག

གཏོར་རྒོལ་བྱུང་རྗེས་ཉེན་རྟོག་པས་ཉེས་ཅན་འཛིན་བཟུང་བྱས་ཡོད་ཀྱང་། ཁོ་རང་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པས་སྨན་ཁང་དུ་བསྐྱལ་ཏེ་ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་འདུག

ཉེན་རྟོག་པས་ཨ་ཀེ་ཡེཏ་ལ་གཏོར་རྒོལ་གཏོང་དགོས་པའི་རྒྱུ་མཚན་དྲིས་པ་ལྟར་ན། ཨ་རིས་སི་རི་ཡ་ (Syria) གཙོས་རྒྱལ་ཁབ་མང་པོའི་ནང་དུ་ཡོད་པའི་(ISIS) ལ་ཁ་གཏད་བཅགས་ཏེ་རྩ་མེད་བཟོ་བའི་ལས་འགུལ་སྤེལ་བཞིན་པ་དེར་འཁོན་ལན་བསློགས་པ་ཡིན་སྐོར་བརྗོད་ཡོད་འདུག

རང་ཤི་གཏོར་རྒོལ་བ་དེའི་མིང་ལ་ཨ་ཀེ་ཡེཏ་ཨུལ་ལཱ་ (Akayed Ullah) ཟེར་ཞིང་། ད་ལྟ་རང་ལོ་༢༧ ཡིན་པ་དང་། ཕྱི་ལོ་ ༢༠༡༡ ལོར་བྷང་ལཱ་ཌི་ཤི་ནས་ཨ་རིར་གནས་སྤོར་བྱས་ཡོད་འདུག

ཐེངས་འདིའི་དོན་རྐྱེན་དེ་ནི་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༩ པའི་རྗེས་སུ་ནེའུ་ཡོག་གྲོང་ཁྱེར་དུ་འབར་རྫས་གཏོར་རྒོལ་གྱི་དོན་རྐྱེན་བྱུང་བ་ཐེངས་གསུམ་པ་དེ་ཆགས་ཡོད་པ་མ་ཟད། ཟླ་བ་འདིའི་ནང་མི་གསོད་དོན་རྐྱེན་ཐེངས་གཉིས་པ་དེ་ཆགས་འདུག བདུན་ཕྲག་སྔོན་མའི་ནང་ཅ་དངོས་དབོར་འདྲེན་རླངས་འཁོར་ཆེན་པོ་ཞིག་མི་ཚོགས་ནང་གང་བྱུང་རྒྱུག་སྟེ་མི་ ༨ ཀྱི་ཚེ་སྲོག་ཤོར་ཡོད་པ་རེད།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༢/༡༢

Leave a Reply