རྡོ་མེ་འབུད།
དེ་ཡང་སྟེས་དབང་ཞིག་གི་གྲུ་ག་ནས་འུ་ཚོ་བཙན་བྱོལ་བ་ཆགས་ནས་ལོ་རྒན་དྲུག་བཅུ་འགྲོ་ལ་ཉེ་བའི་ལོ་ཟླ་ནག་པོ་འདི་དག་གི་རིང་ལ། བཀུར་འོས་ལས་ཀྱི་སྣེར་མོ་བ་རྣམས་ཀྱིས་རང་དོན་རྒྱབ་ཏུ་བསྐྱུར་ཞིང་སྤྱི་དོན་ཁུར་དུ་བླངས་ནས་བོད་དང་བོད་ཀྱི་སྐད་ཡིག་སོགས་ཀྱི་ཆེད་དུ་ཧུར་ཐག་མ་གནང་བའི་བློ་ཕམ་མེད་མོད། འོན་ཏེ་ཞྭ་དཔེ་ལྷམ་འགེབས་ཀྱི་དཔེ་ལྟར་འུ་ཚོས་སློབ་གསོ་གང་ཞིག་གླེང་རུང་སྐད་ཆ་ཅི་ཞིག་འཆད་རུང་མགོ་སེར་པོ་ཚོའི་བསམ་བློ་དང་རྐང་རྗེས་སུ་ཤི་འཐམ་རོ་འཐམ་གྱིས་འུ་ཚོའི་དགེ་རྒན་ཚོ་དང་སློབ་ཕྲུག་ཚོ་ནི་ཕྱི་བོད་མི་དང་ནང་མགོ་སེར་ཡིན་པའི་བསམ་བློའི་འདུ་ཤེས་ཤིག་གི་སྟེང་ནས་འཆི་ལ་ཉེ་བའི་སློབ་གསོ་འདི་རེད། སློབ་གསོ་འདི་ནི་གཞན་མ་ཡིན་པར་འུ་ཚོས་ལོ་རྒན་དྲུག་བཅུའི་ནང་གི་མིག་ཟུང་ཕྱི་ལ་ཧབ་ནས་བསམ་བློ་རི་ལ་ཤོར་བའི་སློབ་གསོའི་གྱོང་གུད་ཅིག་ཡིན་པར་མ་ཟད། མགོ་སེར་པོ་ཚོའི་སྐད་ཆ་སངས་རྒྱས་རློན་པའི་གསུངས་སྐད་དུ་རློན་པའི་བསམ་བློ་ཨ་མཚར་བ་འདི་རེད།
སྤྱིར་སློབ་གསོ་ཟེར་བ་འདི་ཐབས་ལམ་ཞིག་ཡིན་པས། ཐབས་ཀྱི་ལམ་འདི་མི་དང་མིའི་བར་དང་སྤྱི་ཚོགས་དང་སྤྱི་ཚོགས་ཀྱི་བར། མི་རིགས་དང་མི་རིགས་ཀྱི་བར་ལ་བེད་སྤྱོད་བྱེད་སྟངས་ཆ་སྙོམ་ཞིག་ཡོང་དཀའ་བས་ན། བཀྲ་ཤིས་ལ་བེད་སྤྱོད་བཏང་བའི་ཐབས་ལམ་དེ་དོན་འགྲུབ་ལ་འོས་འཚམ་མིན་པ་ཤེས་བཞིན་དུ་སྐད་དང་ཡི་གེ གོམས་གཤིས་དང་ཁོར་ཡུག བསམ་བློ་དང་འདུ་ཤེས་སོགས་འདྲ་མཉམ་མིན་པའི་མགོ་སེར་བོའི་སློབ་གསོ་དག་བསྲེག་བཅད་བརྡར་གསུམ་ཅི་ཡང་མི་བྱ་བར་བོད་པའི་སྤྱི་ཚོགས་དང་ཁོར་ཡུག་ཏུ་ཅི་སྒར་བརླན་རྐྱང་བྱས་པ་འདིས་བོད་དང་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ལ་རྔོ་ཞིག་ཨེ་ཐོགས་སམ་སྙམ་པའི་སེམས་ཚོར་ཞིག་བཅོས་མིན་དུ་སྐྱེས་སུ་བཅུག་གོ། དེ་ལས་བསམ་བློ་ནང་དུ་འཁོར་ནས་མིག་ཟུང་ནང་ལ་ཕྱོགས་ཏེ་སྔོན་མེས་བོད་ཀྱི་ལོ་ཙཱ་བ་ཆེན་པོ་སྐ་ཅོག་ཞང་གསུམ་གྱི་སློབ་གསོའི་ལམ་བཟང་དུ་ཞུགས་ནས་འབྲི་རྩོམ་འཆད་གསུམ་གྱི་དགེ་རྒན་ཚོར་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཐུབ་ཚེ་རྔོ་ཐོགས་པའི་འབྲས་བུ་ཞིག་འབྱུང་བར་གདོན་མི་ཟའོ།། དེ་མ་གཏོགས་ཟབ་སྦྱོང་ཅི་ཙམ་སྤྲད་ཅིང་གོ་སྒྲིག་ཇི་ལྟར་གནང་ཡང་བླ་མའི་མདུན་ནས་གསུང་ཆོས་ཞུས་བ་ལྟར་ཡིད་ཆེས་དབེན་པའི་བྱིན་རླབས་ལྡོམ་པོ་ཞིག་རིམ་ནས་བུད་འགྲོ་བའི་ན། འགྲོ་སོང་དང་དུས་ཚོད། ལུས་ཤུགས་དང་སྐུ་ངལ་བཅས་ཀྱི་གྱོང་གུད་ཡིན་པས། ཟབ་སྦྱོང་གནང་ཕྱོགས་ལ་འཕོ་འགྱུར་ཞིག་བྱུང་ན་མི་བཟང་ངམ་སྙམ་པའི་སེམས་ཚོར་འདིའོ།། ཡང་ལ་ལས་ཟབ་སྦྱོང་ཟེར་བ་འདི་དགོས་མཁོ་མི་འདུག དེས་ཁེ་ཕན་མེད་པར་མ་ཟད་དུས་ཚོད་འཕྲོ་བརླག་གཏོང་བའི་གཏེ་བོ་ཞིག་རེད་ཟེར་མོད། བསམ་བློ་ཞིབ་ཚགས་ཀྱིས་བཏང་ཚེ་ཟབ་སྦྱོང་ཟེར་བ་འདི་གལ་ཆེན་པོ་ཡིན་པར་མ་ཟད། ལྷག་པར་དུ་བཙན་བྱོལ་བོད་ཀྱི་དགེ་རྒན་ཚོར་ངེས་པར་དུ་དགོས་པའི་ཁ་ཚ་དགོས་གཏུག་གི་དོན་དག་ཅིག་རེད་བསམ། རྒྱུ་མཚན་ནི་ཟབ་སྦྱོང་གི་ཁོར་ཡུག་འདི་ནི་ཤེས་རྨོངས་བ་ཞིག་ཤེས་ཡོན་ཅན་དུ་བསྒྱུར་བའི་ཁོར་ཡུག་ཅིག་དང་བསམ་མེད་ཅིག་བསམ་ཡོད་དུ་བསྒྱུར་བའི་ཁོར་ཡུག་ཅིག དགེ་རྒན་ཞིག་ཆེད་ལས་དགེ་རྒན་དུ་བསྒྱུར་བའི་ཁོར་ཡུག་ཅིག་ཡིན་པས་ན། ཁྱོད་ཀྱིས་བསམ་ན་ད་དུང་ཡང་ཟབ་སྦྱོང་འདི་གལ་ཆེན་པོ་མ་རེད་དམ་སེམས་སམ།
སྐད་ཆ་དྲང་བོ་བཤད་ན། སྤྱི་ཚོགས་ཀྱི་ཡར་རྒྱས་ནི་སློབ་གྲྭའི་སློབ་གསོ་ལ་རག་ལས་ཡོད་ལ། སློབ་གྲྭའི་སློབ་གསོ་ནི་སློབ་གྲྭ་དེའི་དགེ་རྒན་གྱི་ཤེས་ཡོན་ལ་རག་ལས་བས་ན། དགེ་རྒན་ཚོར་ཟབ་སྦྱོང་མཁོ་བ་ནི་ནམ་ལངས་ཉི་ཤར་གྱི་དཔེ་ཡིན་ནོ།། ལྷག་པར་དུ་འུ་ཚོའི་ཚོགས་སྡེ་འདི་ལ་ཆེད་ལས་དགེ་རྒན་ནི་ཉིན་དཀར་གྱི་སྐར་མ་ལྟར་སྣང་བར་མ་ཟད། ད་ཡོད་དགེ་རྒན་ཚོའང་སློབ་ཚན་(ལྕོགས་མི་ལྕོགས་ཀྱི་ཉེན་ཁ་རུ་ལྷུང་བའི)ཁྲིད་མཁན་ཁོ་ན་ཡི་དགེ་རྒན་མིང་ཅན་པ་ཤ་སྟག་ཡིན་པས་ན། ལས་ཀྱི་སྣེར་མོར་བཞུགས་པའི་སྐུ་ངོ་ཚོས་དང་པོ་དགེ་རྒན་ཤེས་ཡོན་ཅན་ཞིག་གསོ་སྐྱོང་བྱ་རྒྱུ་ནི་གལ་ཆེ་ནང་གི་དོན་ཆེན་ཡིན་པས། ཕྲན་གྱིས་ལག་ཟུང་ཐལ་མོ་སྦྱར་ནས་ཟབ་སྦྱོང་གནང་ཕྱོགས་ལ་བཏོན་པའི་བསམ་འཆར་འདི་ལ། བཀུར་འོས་སྐུ་ངོ་ཚོ་སྐུ་བྲེལ་གྱི་བར་གླགས་ནས་སྤྱན་ཟུང་འཁྱུག་ཙམ་གཡོ་བར་མཁྱེན་མཁྱེན་ནོ།།
དང་པོ། ཟབ་སྦྱོང་གང་འདྲ་ཞིག་གོ་སྒྲིག་གནང་གི་ཡོད་ནའང། བརྗོད་གཞི་དེ་དང་འབྲེལ་བའི་དཔེ་དེབ་དང་དཔྱད་རྩོམ་གྱི་དེབ། ཚགས་ཤོག་དང་དུས་དེབ་གང་མང་མང་ཞིག་གོ་སྒྲིག་གནང་དགོས་པ།
གཉིས་པ། ཟབ་སྦྱོང་གི་དུས་ཡུན་ཅི་ཙམ་ཡོད་རུང་ཚང་མ་ཟབ་སྦྱོང་ཞུགས་མཁན་གྱི་དགེ་རྒན་ཚོའི་ལག་ཏུ་བཞག་ནས་གོང་གི་དེབ་དེ་དག་ལས་གཅིག་བཀླག་དགོས་པ།
གསུམ་པ། དེབ་གང་འདྲ་ཞིག་བཀླགས་ཚར་རྗེས་དེ་ལ་དཔྱད་བརྗོད་དམ་མྱོང་ཚོར་གྱི་རྩོམ་ཡིག་ཅིག་ངེས་པར་དུ་བྲི་དགོས་པ།
བཞི་བ། སོ་སོས་བྲིས་པའི་དཔྱད་རྩོམ་ལ་འཆད་ཁྲིད་ཀྱི་གར་སྟེགས་ཤིག་བསྐྲུན་པ(ཟབ་སྦྱོང་གི་ཉིན་མཐའ་མར)།
ལྔ་བ། ལས་ཀྱི་སྣེ་མོ་བ་ཚོས་དགེ་རྒན་དེ་དག་གིས་བྲིས་གནང་བའི་རྩོམ་ཡིག་དེ་དག་རབ་བྱུང་ན་དེབ་གཟུགས་སུ་བཀོད་དགོས་པ་དང་མ་བྱུང་ཚེ་གཞུང་གི་དྲྭ་རྒྱ་དང་ཚགས་ཤོག་དང་དུས་དེབ་གང་རུང་དུ་བཀོད་པའི་ཐབས་ཤེས་གནང་དགོས་པའོ།།
(གོང་གི་བསམ་འཆར་འདི་དག་སྐད་ཡིག་ཟབ་སྦྱོང་ཁོ་ན་མ་ཡིན་པར་སློབ་ཚན་གཞན་དག་ལ་ཡང་བེད་སྤྱོད་གཏོང་བར་འོས་བ་ཞིག་རེད་སེམས་པས། དེ་མ་གཏོགས་མཁས་པ་ཅི་ཙམ་གདན་འདྲེན་ཞུས་ཀྱང་སྣོད་རུང་བ་མིན་ཚེ་ཆུད་ཟོས་སུ་འགྲོ་བར་གདོན་མི་ཟའོ།།)