༧ཏཱ་ལའི་བླ་མ་ཞེས་པའི་མཉེན་ཆས་དབུ་འབྱེད་གནང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་ཆོས་དང་བཀའ་སློབ་སོགས་འཛམ་གླིང་ཡུལ་ཕྱོགས་གང་ས་ནས་གསན་གཟིགས་ཞུ་བར་སྟབས་བདེ་ཡོང་ཆེད་༼ཏཱ་ལའི་བླ་མ༽ཞེས་པའི་མཉེན་ཆས་ཤིག་དབུ་འབྱེད་གནང་འདུག

ཁ་སང་རྒྱ་གར་ལྷོ་ཕྱོགས་གདན་ས་ཆེན་མོ་འབྲས་སྤུངས་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་༼ཏཱ་ལའི་བླ་མ་༽ཞེས་པའི་དེང་རབས་མཉེན་ཆས་གསར་པ་ཞིག་དབུ་འབྱེད་གནང་ཡོད་པ་དང་། རིན་མེད་མཉེན་ཆས་གསར་པ་དེ་བརྒྱུད་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཆོས་གསུང་བཀའ་སློབ་སོགས་མཛད་འཕྲིན་ཁག་ལ་གསན་གཟིགས་ཞུ་ཐུབ་ཀྱི་ཡོད་པ་རེད།

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ཚེ་བརྟན་བསམ་འགྲུབ་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། དེང་སང་མི་ཚང་མ་ས་ཕྱོགས་གང་དུ་ཕེབས་ཡང་སྔར་དང་མི་འདྲ་བར་སོ་སོའི་ཁ་པར་བརྒྱུད་འཛམ་གླིང་གི་གནས་ཚུལ་ཚང་མ་ལས་སླ་བོའི་ངང་ཤེས་རྟོགས་བྱེད་ཐུབ་ཀྱི་ཡོད་སྟབས། ང་ཚོས་མི་མང་ཚང་མའི་ལག་ཏུ་༧གོང་ས་མཆོག་གི་མཛད་རིམ་གསུང་ཆོས་དང་། བཀའ་སློབ། དེ་བཞིན། མཛད་འཆར་ཁག་ཚང་མ་ལམ་སང་ལྟ་ཆོག་ཆོག་ཡོང་ཆེད་ཁ་པར་མཉེན་ཆས་འདི་གསར་དུ་བཟོས་པ་ཡིན། སྔོན་མ་ཡིན་ན། མི་ཚང་མས་གློག་ཀླད་བརྒྱུད་༧གོང་ས་མཆོག་གི་བཀའ་སློབ་གསུང་ཆོས་ཁག་ལ་གསན་གཟིགས་གནང་གི་ཡོད་ཀྱང་། ད་ལྟའི་ཆར་ཁ་པར་དར་སྲོལ་ཆེན་པོ་ཆགས་ཏེ་མི་མང་ཆེ་བར་ཁ་པར་ཡོད་སྟབས།   ང་ཚོས་༧གོང་ས་མཆོག་གི་མཛད་འཕྲིན་བཀའ་སློབ་ཁག་འདུས་པའི་མཉེན་ཆས་ཤིག་གསར་དུ་བཟོ་ཐུབ་ཡོད་པ་འདིས་མི་མང་གི་རེ་འདུན་ཞིག་འགྲུབ་ཐུབ་པ་བྱུང་སོང་སྙམ་ཡོད། ད་ལྟའི་ཆར་མཉེན་ཆས་དེ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཐོག་མ་གཏོགས་མེད་ཀྱང་། ང་ཚོས་རིམ་བཞིན་ཁ་པར་གཞན་གྱི་ནང་བཀོལ་སྤྱོད་གནང་ཐུབ་པ་བཟོ་འཆར་ཡོད། ཅེས་བརྗོད་བྱུང་།

བྷི་བྷི་སི་གསར་ཁང་གིས་༧གོང་ས་རྒྱལ་བ་རིན་པོ་མཆོག་གི་མཉེན་ཆས་གསར་པ་དབུ་འབྱེད་དང་འབྲེལ་བའི་གནས་ཚུལ་སྤེལ་བའི་ནང་། ཕྱི་ལོ་ ༢༠༡༣ ལོར་ཡེ་ཤུའི་ཆོས་དཔོན་ཕོབ་མཆོག་གིས་༼ཕོབ༽ཞེས་པའི་མཉེན་ཆས་ཤིག་དབུ་འབྱེད་གནང་ཡོད་པ་དང་། དེ་བཞིན་ཆོས་ལུགས་གཞན་ཁག་གི་བླ་ཆེན་རྣམ་པས་ཀྱང་མཉེན་ཆས་འདི་འདྲ་དབུ་འབྱེད་གནང་སྟེ། འཛམ་གླིང་ཕྱོགས་མཐའ་གང་སར་ཡོད་པའི་དད་ལྡན་དོན་གཉེར་བ་ཚོར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་སྐོར་བརྗོད་འདུག

ད་ལྟའི་ཆར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་སྒེར་གྱི་ངོ་དེབ་ནང་གསུང་ཆོས་དང་བཀའ་སློབ་གསན་གཟིགས་ཞུ་མཁན་མི་གྲངས་ས་ཡ་ ༡༤ མ་ཟིན་ཙམ་ཞིག་ཡོད་པ་དང་། དེ་བཞིན་ཊི་ཊིར་སྟེང་རྗེས་འབྲང་པ་མི་གྲངས་ས་ཡ་ ༡༦ ལྷག་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༡༢/༡༥

Leave a Reply

One thought on “༧ཏཱ་ལའི་བླ་མ་ཞེས་པའི་མཉེན་ཆས་དབུ་འབྱེད་གནང་།