རྙིང་ཞེན་ཚོཊ་པའི་སྲིད་འཛིན་འོས་མིར་རྒྱལ་ཁ་ཐོབ།

ལོ་ངོ་བཅུའི་གོང་དུ་ལཱ་ཊིན་ཨ་མེ་རི་ཁའི་རྒྱལ་ཁབ་མང་པོ་ཞིག་གཡོན་ལྷུང་སྲིད་དོན་ཚོགས་པ་ཁག་གིས་དབང་སྒྱུར་ཡོད་ཀྱང་བར་ལམ་ནས་རྙིང་ཞེན་སྲིད་དོན་ཚོགས་པ་ཁག་ཡར་ལངས་བྱས་ཏེ་སྲིད་དབང་འཛིན་པའི་མགོ་བརྩམས་འདུག

 བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཁ་སང་ལཱ་ཊིན་ཨ་མེ་རི་ཁའི་རྒྱལ་ཁབ་ཆི་ལི་(Chile)ཡི་སྲིདའཛིན་འོས་བསྡུའི་གྲུབ་འབྲས་ཡོངས་བསྒྲགས་བྱས་ཏེ། གཡོན་ལྷུང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ཨ་ལིས་ཇན་ཌོ་རོ་གྷོ་ལར་(Alejandro Guillier)ལགས་ལ་འོས་གྲངས་བརྒྱ་ཆ་  ༤༨།༥ དང་། རྙིང་ཞེན་སྲིད་དོན་ཚོགས་པའི་འོས་མི་སི་བྷ་སི་ཊིན་པེ་ནེ་ར་(Sebastian Pinera)ལགས་སུ་འོས་གྲངས་བརྒྱ་ཆ་ ༥༤ ལྷག་ཐོབ་སྟེ། སྐབས་གཉིས་པའི་སྲིད་འཛིན་དུ་བདམས་ཐོན་བྱུང་ཡོད་འདུག

འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་རྗེས། སྐུ་ཞབས་ཨ་ལིས་ཇན་ཌོ་རོ་ལགས་ཀྱིས་རང་ཉིད་ལ་ཕམ་ཁ་བྱུང་བ་དང་ལེན་དང་། སྲིད་འཛིན་གསར་པར་འཚམས་འདྲི་ཞུས་ཡོད་འདུག ཐེངས་འདིའི་འོས་བསྡུའི་སྐབས་ཆི་ལི་མི་མང་ས་ཡ་ ༡༤ ལྷག་གིས་ཆ་ཤས་བླངས་ཡོད་པ་མ་ཟད། འོས་བསྡུ་རིམ་པ་དང་པོར་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཆི་ལི་ཡི་མི་མང་གིས་ཀྱང་འོས་བླུགས་ཡོད་པ་རེད།

སྐུ་ཞབས་སི་བྷ་སི་ཊིན་ལགས་ཀྱི་འོས་བསྡུའི་དྲིལ་བསྒྲགས་ཀྱི་འབོད་སྒྲ་གཙོ་བོ་ནི་མཐུན་སྒྲིལ་ཡིན་ཞིང་། འོས་བསྡུའི་དྲིལ་བསྒྲགས་ཁོང་གིས་མཚམས་རེར་འདས་དོན་ཁག་ཅིག་གིས་ང་ཚོ་ཁ་བྲལ་དུ་གཏོང་གི་ཡོད་ཀྱང་། ཆི་ལི་མི་མང་ལ་འགལ་ཟླ་ལས་ལྷག་གི་མཐུན་སྒྲིལ་དགོས་པ་དང་། ང་ཚོའི་མ་འོངས་པའི་ལམ་ཁ་དེས་ང་ཚོ་ཚང་མ་མཐུན་སྒྲིལ་རྡོ་རྩ་གཅིག་ཏུ་བསྒྲིལ་ངེས་ཡིན། ཞེས་བསྒྲགས་ཡོད་པ་རེད།

སྐུ་ཞབས་སི་བྷ་སི་ཊིན་ལགས་ཀྱིས་ཕྱི་ལོ་ ༢༠༡༠ ནས་ ༢༠༡༤ བར་སྐབས་དང་པོའི་ཆི་ལིའི་སྲིད་འཛིན་གནང་ཡོད་པ་དང་། སྐབས་དེར་ཁོས་ཆི་ལིའི་ནང་ལོ་ངོ་ ༢༠ རིང་ལག་བསྟར་བྱས་པའི་དམར་ཤོག་གི་ཁྲིམས་མཚམས་འཇོག་བྱས་ཡོད་པ་དང་། ཐེངས་འདིའི་འོས་བསྡུའི་སྐབས། ཁོང་གིས་ཆི་ལི་རྒྱལ་ཁབ་ཀྱི་དཔྱ་ཁྲེལ་ཇེ་ཉུང་དུ་བཏང་སྟེ། དཔལ་འབྱོར་ཉམས་རྒུད་སླར་གསོ་བྱ་རྒྱུ་ཡིན་སྐོར་དམ་བཅའ་བཞག་ཡོད་སྟབས། ཚོང་གཉེར་སྡེ་ཁག་མང་པོས་ཁོང་ལ་རྒྱབ་སྐྱོར་བྱས་ཡོད་པ་མ་ཟད། ད་ལྟའི་སྲིད་འཛིན་ལྕམ་མ་ཁེལ་ལེའི་བྷ་ཆི་ལེ་ཊི་(Michelle Bachelet)ལགས་ཀྱིས་ཀྱང་རྒྱབ་སྐྱོར་གནང་ཡོད་པ་རེད།

 ལས་ཐོག་སྲིད་འཛིན་ལྕམ་བྷ་ཆི་ལེའི་ཊི་ལགས་ཀྱིས་ཆི་ལིའི་སྲིད་འཛིན་སྐབས་གཉིས་རིང་གནང་ཡོད་པ་དང་། མོས་ཕྱི་ལོ་ ༢༠༡༥ ལོར་ཆི་ལིའི་ནང་གི་ལྐོག་ཟ་རུལ་སུངས་ཐེར་འདོན་བྱས་ཡོད་པ་དང་། ཐེར་འདོན་བྱས་པའི་ནག་ཉེས་ཅན་གྱི་ནང་མོ་རང་གི་ཚ་མོའང་ཡོད་སྟབས། མོ་ནི་ཆི་ལི་མི་མང་གིས་བརྩི་བཀུར་དང་ཆེ་མཐོང་ཆེན་པོ་ཐོབ་པའི་སྲིད་འཛིན་ཞིག་ཡིན་འདུག

འདས་པའི་ལོ་ངོ་བཅུའི་གོང་དུ་ལཱ་ཊིན་ཨ་མེ་རི་ཁའི་རྒྱལ་ཁབ་ཨར་ཇན་ཊི་ན་དང་། བྷིར་ཛིལ། ཆི་ལི། ཁའོ་བྷ། ཡོ་རོ་གྷ་ཡ། དེ་བཞིན། ཝི་ནེ་རྫོ་ལ་སོགས་གཡོན་ལྷུང་སྲིད་དོན་ཚོགས་པས་དབང་སྒྱུར་བྱས་ཡོད་ཀྱང་། ལོ་ཤས་གོང་ནས་བཟུང་རྒྱལ་ཁབ་དེ་དག་ནང་གི་རྙིང་ཞེན་སྲིད་དོན་ཚོགས་པ་ཁག་ཡར་ལངས་བྱས་ཏེ་སྲིད་དབང་འཛིན་པའི་མགོ་བརྩམས་ཡོད་སྟབས། ཐེངས་འདིའི་སྐུ་ཞབས་པེ་ནེ་ར་ལགས་ཀྱི་འོས་བསྡུའི་རྒྱལ་ཁ་ནི་རྙིང་ཞེན་སྲིད་དོན་ཚོགས་པའི་སྲིད་དབང་མུ་མཐུད་སྲ་བརྟན་ཡོང་བའི་སྔ་ལྟས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་འདུག

གསར་འགོད་པ།  སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༡༢/༡༨

Leave a Reply