རྟག་བརྟན་རྒྱུད་བཞི།

བེ་རི་རིག་པའི་རྡོ་རྗེ།

རྟག་བརྟན་རྒྱུད་བཞི་ཞེས་གྲགས་པའི་པར་གྱི་ཕྱི་མོ་དེ་ནི།  རྒྱལ་བ་ཇོ་ནང་བའི་གདན་ས་ཆེན་པོ་རྟག་བརྟན་ཕུན་ཚོགས་གླིང་ངེས་དོན་དགའ་བའི་ཚལ་གྱི་སྨན་ཁང་བདུད་རྩི་འཁྱིལ་བར་པར་གྱི་ཕྱི་མོ་བརྐོས་ཤིང་དག་པར་གཏན་ལ་ཕབ་པའི་བོད་ཡུལ་གྱི་གསོ་རིག་རྒྱུད་བཞིའི་ཤིང་པར་ཚད་ལྡན་ཞིག་ཡིན་མོད།  དེང་སྐབས་པར་ཡིག་ཙམ་ལས་པར་ཤིང་ངོ་མ་རྟག་བརྟན་དགོན་པར་གྲུབ་མཐའ་གསར་བརྗེས་ཀྱི་དྲག་པོའི་ལས་འགུལ་སྤེལ་སྐབས་མེ་ལྷའི་ཞལ་དུ་ཕུལ་ཟིན་པས་འཇིག་རྟེན་འདིར་བཞུགས་མེད།དེ་ཡང་བོད་རྗེ་ཁྲི་སྲོང་ལྡེའུ་བཙན་གྱི་བླའི་སྨན་པར་དབང་བསྐུར་བ།  གནང་བ་རིགས་ཀྱི་ཆེ་བའི་སྨན་པ་དགུའི་ཡ་གྱལ།  གཉའ་བའི་བརྒྱུད་འཛིན་ཆེན་པོ།  ཇོ་ནང་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་སྐུའི་བླ་སྨན།  གསོ་རིག་རྒྱུད་བཞིའི་གཞུང་ལུགས་ལ་ཤེས་ནས་ངེས་པ་རྙེད་པ།  བྱང་ལྷུན་གྲུབ་སྟིངས་ཀྱི་འཚོ་བྱེད་གཞོན་ནུ་གསོས་སམ།  མཚན་གཞན་བདུད་རྩི་འགྱུར་མེད་ཅེས་སྙན་པའི་གྲགས་པ་ཕྱོགས་བཅུར་གྲགས་པ་གང་དེས།  རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཞལ་སྔ་ནས་སུ་གསོ་རིག་རྒྱུད་བཞིའི་འཕྲིན་ལས་མི་ཉམས་གོང་དུ་འཕེལ་ཕྱིར་པར་གྱི་ཕྱི་མོ་གསར་བཞེངས་ཡོང་བར་གསོལ་འདེབས་ཞུས་ཚེ།  རྗེ་བཙུན་ཐམས་ཅད་མཁྱེན་པས་ཐུགས་བརྩེས་ཞལ་བཞེས་གནང་བ་མ་ཟད།  པར་བརྐོའི་བྱ་བའི་བརྒྱུད་རིམ་གྱི་དོ་དམ་པ་དང་།  ཞུས་ཆེན་པའི་མཛད་འགན་ཡོངས་སུ་རྫོགས་པ་བཞེས་དགོས་པའི་བཀའ་ལུང་སྤྱི་བོར་ཕེབས་པ་བཞིན།  རྗེ་བཙུན་ཐམས་ཅད་མཁྱེན་པའི་སྐུའི་དབོན་པོ་བྱམས་པ་ལྷུན་འགྲུབ་དང་།  ཀུན་དགའ་བསྟན་པའི་རྒྱལ་མཚན་སོགས་ཀྱི་རམ་འདེགས་དང་མཐུན་འགྱུར་འོག  སྐྱེ་རྒུ་མཐའ་དག་གི་ཕན་བདེའི་སྤྱི་ནོར་གཅིག་པུར་གྱུར་བ།  རྒྱུད་ཐམས་ཅད་ཀྱི་རྒྱལ་པོ།  ལུང་ཐམས་ཅད་ཀྱི་རྩ་བ།  མན་ངག་ཐམས་ཅད་ཀྱི་འབྱུང་གནས།  གསོ་རིག་སྨན་གྱི་གཞུང་ལུགས་ཆེན་པོ་འདི་ཉིད་པར་དུ་སྒྲུབ་སྐབས།

དང་ཐོག་ཟུར་མཁར་བས་ཞུས་དག་མཛད་པར་གྲགས་པའི་ཡར་རྒྱབ་ཀྱི་ཤིང་པར་དེ་ཉིད་གཞན་ལས་དག་པར་བརྩི་སྲོལ་ཡོད་པས་དེར་ཆ་འཇོག་མཛད་ཀྱང་།  དེར་ཡང་དཔྱད་གཞིར་མངོན་པ་མང་ཐོག  སྐབས་འགར་གོ་ལོག་ཏུ་འགྲོ་ཉེན་ཆེ་བ་དང་།  ས་བཅད་འཁྲུགས་པ།  གཞུང་ཚིག་ཆད་པ།  ཚིག་ཟུར་མ་དག་པ།  ཉེར་མཁོའི་རིགས་ལ་ཞབས་མཆན་མི་གསལ་བ་སོགས་བགྲང་འོས་པའི་སྐྱོན་དང་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད་སྟབས།  སྨན་གཞུང་དང་ཐད་ཀར་འབྲེལ་ཆེ་བ་དཔལ་མཆོག་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་བ་དང་བཅས་པར་སྒོ་བསྟུན།  རྒྱུད་འགྲེལ་ཤེལ་གྱི་མེ་ལོང་།  གསེར་འོད་དམ་པའི་མདོ་སྡེ།  འདུལ་བ་ལུང་བཞི་སོགས་བཀའ་དང་།  ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་མདོ་ལྔ།  གཞུང་བཅུ།  ཟླ་ཟེར།  རྒྱུད་ཆུང་བདུད་རྩིའི་སྙིང་པོ་སོགས་བསྟན་བཅོས་ཀྱི་སྐོར་དང་།  བདུད་རྩི་བུམ་པ།  བེེ་རོའི་མིང་དོན་བརྡ་སྤྲོད།  གཡུ་ཐོག་པའི་ཆ་ལག་བཅོ་བརྒྱད།  བེ་ལྕེའི་པོ་ཏི་ཁ་སེར་སོགས་བརྟག་གཞིར་མཛད་ཅིང་།  དེ་བས་ཀྱང་རྩ་བཤད་ཕྱི་མ་སོགས་ལ་ལྷོ་བྱང་སྟོད་སྨད་ཀྱི་མཁས་པ་སོ་སོས་རྒྱུད་འགྲེལ་སྔ་ཕྱིར་མཛད་པ་རྣམས་ལ་ཞིབ་ཏུ་དཔྱད།  ཁྱད་པར་སྙན་བརྒྱུད་འགྲེལ་ཆེན་གྱི་དགོངས་དོན་ཕྱིན་ཅི་མ་ལོག་པའི་སྒོ་ནས་གཞུང་ལུགས་ཀྱི་ཚིག་དོན་མཐའ་དག་གི་བྱེད་པོར་གྱུར་བ།  མིའི་རྗེ་བོ་བྱང་བདག་རྣམ་རྒྱལ་གྲགས་པ་བཟང་པོ་དང་།  ཐུགས་སྲས་ཀུན་མཁྱེན་འཚོ་བྱེད་མི་ཡི་ཉི་མ་འམ།  མཐོང་བ་དོན་ལྡན་ཡབ་སྲས་ཀྱི་དགོངས་བཞེད་ཇི་ལྟ་བ་བཞིན།  གཞུང་ཚིག་ཆད་པ་རྣམས་རང་བཟོས་མ་བསླད་པར་ཁ་བསྐང་།  དཔྱད་དོན་རྣམས་ཀྱི་ལེགས་བསྡུ་ལེན་མཛད།  མེད་ཐབས་མེད་པའི་དཀའ་བའི་གནས་འགའ་ཞིག་ཏུ་མཆན་བུ་ཡང་བཀོད་པ་སོགས།  མདོར་ན་ཉེ་བར་མཁོ་ཞིང་གལ་ཆེ་བའི་རིགས་རྣམས་མ་ཚང་བ་མེད་པར་མཛད་དེ།  བོད་རབ་བྱུང་བཅུ་གཅིག་པའི་ལྕགས་འབྲུག་ ༿༡༦༤༠༾ སྟོན་ཟླ་འབྲིང་བོའི་དཀར་ཕྱོགས་དཔལ་བོ་མཁའ་འགྲོ་འདུ་བའི་ཚེས་བཟང་བོར་པར་དུ་བསྒྲུབས་ཤིང་དག་པར་གཏན་ལ་ཕབ་པོ།།

རྟག་བརྟན་རྒྱུད་བཞིའི་ཤིང་པར་གྱི་ཞུས་ཆེན་པ་འཚོ་བྱེད་གཞོན་ནུས་གསོས་སམ།  ལྷུན་སྡིངས་བདུད་རྩི་འགྱུར་མེད་མཆོག་གི་འཁྲུངས་འདས་དང་རྣམ་ཐར་གསལ་བོར་མ་མཇལ་མོད། ཁོང་གི་ཡབ་ནི་གཉའ་རིགས་ཀྱི་གདུང་རྒྱུད་རིམ་པར་བྱོན་པའི་ནང་ནས་བསོད་ནམས་ཆོས་འཕེལ་ཞེས་པ་སྙན་བརྒྱུད་ཞལ་ཤེས་མན་ངག་གི་བདག་པོ་དེ་ཡིན་ཞིང་།  ཡབ་ཀྱི་སྐུ་དྲིན་ལས་གཞན་རྗེས་འཛིན་གསོ་བ་རིག་པའི་གཞུང་ལུགས་ལག་ལེན་དང་བཅས་པ་བྱང་ཆུབ།  རྒྱལ་བསྟན་ཡོངས་ཀྱི་མངའ་བདག་རྟག་བརྟན་སྤྲུལ་སྐུ་ཏཱ་ར་ནཱ་ཐའམ་རྗེ་བཙུན་ཐམས་ཅད་མཁྱེན་པ་ཀུན་དགའ་སྙིང་པོའི་སྐུའི་བླ་སྨན་དང་།  རྒྱུད་བཞི་རྟག་བརྟན་པར་མ་པར་དུ་བརྐོ་བའི་དོ་དམ་དང་ཞུས་ཆེན་མཛད།  བྱང་བདག་རིག་འཛིན་ཆེན་པོ་ཡབ་སྲས་ཀྱི་བཞེད་གཞུང་གཙོ་བོར་སྟོན་པ་<<གསོ་དཔྱད་ཀྱི་ལག་ལེན་དགོས་འདོད་ཀུན་བྱུང་>>ཞེས་གྲགས་པ་ལེའུ་བདུན་ཅུ་དོན་བཞིའི་བདག་ཉིད་ཅན་ནད་རྟགས་དང་སྨན་བཅོས་ཀྱི་སྐོར་མ་ཚང་བ་མེད་པའི་སྨན་གཞུང་ངོ་མཚར་ཅན་དེ་གསར་རྩོམ་མཛད།  གསོ་བྱེད་སྨན་གྱི་རྒྱལ་པོ་གཉིས་པ་ཞེས་མཚན་སྙན་ཕྱོགས་བཅུར་རྒྱས།  གདུང་སྲས་ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེར་གསོ་བ་རིག་པའི་གཞུང་དང་མན་ངག་ལག་ལེན་སྐོར་གྱི་གདམས་པ་མ་ལུས་པ་རྫོགས་པར་བསྩལ།  རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐུ་དུས་སུ་གསོ་བ་རིག་པའི་སྐོར་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་ཞིང་ཚད་མའི་སྐྱེས་བུར་ཡོངས་སུ་གྲགས།

རབ་བྱུང་བཅུ་གཉིས་ལྕགས་ལུག་༿༡༦༩༡༾ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་<<མན་ངག་ལྷན་ཐབས་>>གསར་རྩོམ་གནང་སྐབས།  ལྷུན་སྡིངས་བདུད་རྩི་འགྱུར་མེད་ཀྱིས་མཛད་པའི་<<གསོ་དཔྱད་ཀྱི་ལག་ལེན་དགོས་འདོད་ཀུན་འབྱུང་>>ནང་གི་ལེགས་ཆ་མང་པོ་བསྡུ་ལེན་མཛད་པ་མ་ཟད།  ཐ་ན་ལེའུ་ཚན་འགའ་ཤས་ངོ་བཤུས་མཛད་པ་ལྟར་སོར་བཞག་གིས་ཚད་མཐོའི་གདེང་འཇོག་མཛད་ཡོད།  དེར་བརྟེན་མཁས་པ་འགས།  སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཕྱག་བཞེས་བྱང་ལུགས་ཡིན་ཚུལ་གསུངས་བའི་གནད་ཀྱང་དེར་ཐུག་པར་མངོན།

གངས་ལྗོངས་སུ་བྱང་ཟུར་གཉིས་ཞེས་ཡོངས་སུ་གྲགས་པའི་བྱང་ལུགས་སམ་ཀོང་ལུགས་ནི།  སྟོད་ངམ་རིང་དུ་འཁྲུངས་པའི་ཆོས་རྒྱལ་ཆེན་པོ་རྣམ་རྒྱལ་གྲགས་པ་བཟང་པོའམ།  མཚན་གཞན་བྱང་བདག་རིག་འཛིན་ཆེན་པོ་༿༡༣༩༥-༡༤༧༥༾ ཞེས་ཡོངས་སུ་གྲགས་པ་དེས།  བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་དང་།  པཎ་ཆེན་ནགས་ཀྱི་རིན་ཆེན།  ཇོ་ནང་ཕྱོགས་ལས་རྣམ་རྒྱལ།  དེའི་སློབ་མ་དཔལ་འཇིགས་མེད་གྲགས་པ་སོགས་བླ་མར་བསྟེན་ནས་མདོ་སྔགས་ཤེས་བྱའི་གནས་སྤྱི་དང་། བྱེ་བྲག་དཔལ་མཆོག་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་བ་དང་བཅས་པ།  དེ་བས་ཀྱང་གསོ་བ་རིག་པའི་གཞུང་ལུགས་ལ་སྦྱང་པ་དཔྱིས་ཕྱིན་པར་མཛད་པ་མ་ཟད།  <<ཡན་ལག་བརྒྱད་པའི་སྙིང་བསྡུས་ཡིད་བཞིན་ནོར་བུ་>>སོགས་ལྗགས་རྩོམ་མཛད་དེ།  འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གསོ་བ་རིག་པའི་གཞུང་ལུགས་ཀྱི་སྒོ་འཕར་ཡངས་པོར་བྱེ་བ་ནས་བཟུང་།  བྱང་ལུགས་ཞེས་གྲགས་པའི་ལུགས་སྲོལ་སྲོལ་ཆེན་པོ་དེ་བྱུང་ཞིང་།  ཁོང་གི་གསོ་དཔྱད་སློབ་མའི་མཆོག་གྱུར་དང་བླ་སྨན་གཉིས་ཀར་གྱུར་བ་ལྷ་རྗེ་མི་ཡི་ཉི་མ་མཐོང་བ་དོན་ལྡན་གྱི་ཞལ་སྔ་ནས་རིམ་བཞིན།

ལྷ་བཙུན་བཀྲ་ཤིས་དཔལ་བཟང་།
ལྷུན་སྡིངས་ལེགས་གྲུབ་དཔལ་བ།
དེའི་སྲས་ཤེས་རབ་དཔལ་ལྡན།
དེའི་སྲས་ལྷུན་སྡིངས་དགེ་མ།
དེའི་སྲས་བསྟན་པ་དར་རྒྱས།
དེའི་སྲས་བསོད་ནམས་ཆོས་འཕེལ།
དེའི་སྲས་ལྷུན་སྡིངས་བདུད་རྩི་འགྱུར་མེད།
དེའི་སྲས་ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེ་ནས་རྒྱལ་དབང་ལྔ་པ་ཆེན་པོ་དང་།  སྡེ་སྲིད་སངས་རྒྱ་མཚོའི་བར་དུ་བརྒྱུད་པ་བར་མ་ཆད་པར་བྱོན་ཏེ།  གསོ་རིག་སྤྱི་དང་།  ཁྱད་པར་དུ་བྱང་ལུགས་དར་ཞིང་རྒྱས་པར་མཛད་དོ།།

དེ་ལྟར་བྱང་ལུགས་ཀྱི་ཐུན་མིན་ཟབ་དགུའི་ཁྱད་ཆོས་འབུར་དུ་བཀྲ་བའི་རྟག་བརྟན་རྒྱུད་བཞིའི་རྩ་བའི་རྒྱུད་ལ་ཤོག་ངོས་སྣ་རིང་ཉི་ཤུ་དང་།  བཤད་པའི་རྒྱུད་ལ་བརྒྱ་དང་བཅུ་དྲུག  མན་ངག་རྒྱུད་ལ་ལྔ་བརྒྱ་དགུ་བཅུ་གོ་དགུ  ཕྱི་མ་རྒྱུད་ལ་བརྒྱ་དང་ལྔ་བཅུ་ང་དྲུག་སྟེ་བསྡོམས་ཤོག་ངོས་དགུ་བརྒྱ་སོ་གཅིག་བཞུགས་ཤིང་།  རྒྱུད་རེ་རེའི་བར་སྐབས་ཚིགས་བཅད་པར་བྱང་སྨོན་ཚིག་ཏུ།

རྗེ་བཙུན་ཏཱ་ར་ནཱ་ཐའི་ཐུགས་རྗེའི་ཤུགས།།
རབ་འབྱམས་བརྒྱ་ཁྲི་བཞི་སྟོང་ཆོས་ཀྱི་སྒོ།།
མ་ལུས་དགོས་འདོད་སྩོལ་བའི་འཕྲུལ་འཁོར་ལས།།
རྒྱུད་འདི་འགྲོ་བ་ཡོངས་ཀྱི་དཔལ་དུ་བཀོད།། ཅེས་དང་།

མཇུག་གི་པར་བྱང་སྨོན་ཚིག་ཏུ།
ཨོཾ་སྭཱ་སྟི།  རབ་བྱམས་དཀྱིལ་འཁོར་མ་ལུས་ཀུན་གྱི་བདག།
མཐའ་ཡས་བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་མཛོད།།
ལྷ་དང་བཅས་པའི་སྲིད་གསུམ་འགྲོ་བའི་མགོན།།
རྗེ་བཙུན་ཏཱ་ར་ནཱ་ཐས་རྟག་ཏུ་སྐྱོངས།། ཞེས་ཤིས་ཚིག་གིས་མདུན་བསུས་ནས་རྟག་བརྟན་རྒྱུད་བཞིའི་པར་གྱི་ཕྱི་མོའི་སྒྱུ་འཕྲུལ་ཇི་ལྟར་བསྐྲུན་པའི་ཚུལ་ཡང་ཞིབ་རྒྱས་སུ་བཀོད་ཡོད་དོ།།

ཉེ་ཆར་ཁོ་བོས་ཇོ་ནང་འགྲོ་ཕན་ལྷན་འཚོགས་ནས་བཀོད་བསྒྲིག་བྱས་པའི་རིས་མེད་མཁས་པའི་བགྲོ་གླེང་ཐོག  རྟག་བརྟན་ཕུན་ཚོགས་གླིང་གི་དར་རྒུད་ཀྱི་སྐོར་ནས་གཏམ་བཤད་བྱེད་སྐབས།  ཟུར་འཕྲོས་སུ་རྟག་བརྟན་རྒྱུད་བཞི་ངོ་སྤྲོད་མདོ་ཙམ་བྱས་སྟབས།  བོད་ཕྱི་ནང་གཉིས་ནས་འབྲེལ་ཡོད་རེ་ཟུང་གིས་རྟག་བརྟན་རྒྱུད་བཞིའི་སྐོར་ཅུང་རྒྱས་ཙམ་བཤད་རོགས་ཞེས་རེ་བསྐུལ་གནང་བ་ལྟར་སྤེལ་བ་དགེ་བར་གྱུར་ཅིག

བསྐྱར་བཅོས།: ༢༠༡༧/༡༢/༢༠

Leave a Reply

6 thoughts on “རྟག་བརྟན་རྒྱུད་བཞི།