དམག་ཆེན་དང་པོའི་ཆུ་འཛུལ་དམག་གྲུ་རྙེད་སོན་བྱུང་།

འཛམ་གླིང་དམག་ཆེན་དང་པོའི་སྐབས་བོར་བརླག་ཕྱིན་ཏེ་ལོ་ངོ་ ༡༠༣ སོང་བའི་ཨོ་སི་ཊོ་ལི་ཡའི་ཆུ་འཛུལ་དམག་གྲུ་ཐོག་མ་དེ་རྒྱ་མཚོའི་གཏིང་ཚད་མི་ཊར་ ༣༠༠ ཡི་འོག་ནས་རྙེད་སོན་བྱུང་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨོ་སི་ཊོ་ལི་ཡའི་འཚོལ་ཞིབ་ཚོགས་ཆུང་ཞིག་གིས་རྒྱ་མཚོའི་གཏིང་དུ་འཚོལ་ཞིབ་བྱས་པ་བརྒྱུད། ལོ་ངོ་ ༡༠༠ སྔོན་གར་ཡོད་ཅི་བྱུང་མེད་པར་གྱུར་བའི་ཆུ་འཛུལ་དམག་གྲུ་(HMAS AE-1) ཞེས་པ་དེ། ཁ་སང་པཱ་པུ་ཨ་ནིའུ་ཇི་ནི་ཡ་རྒྱལ་ཁབ་ཀྱི་གླིང་ཕྲན་ཌུག་ཨོབ་ཡོག་ (Duke of York) གི་རྒྱ་མཚོའི་གཏིང་ཚད་མི་ཊར་ ༣༠༠ ཡི་འོག་ནས་རྙེད་སོན་བྱུང་ཡོད་པ་དང་། མཚོ་གྲུ་རྙེད་རྗེས། སྐབས་དེར་གྲུ་གཟེངས་ནང་ཡོད་པའི་མཚོ་དམག་རྣམས་ཀྱི་ཤུལ་ལུས་ནང་མི་སྤུན་མཆེད་ཚོར་གདུང་སེམས་མཉམ་སྐྱེད་མཚོན་པའི་མྱ་ངན་གུས་འདུད་ཞུས་ཡོད་འདུག

ཨོ་སི་ཊོ་ལི་ཡའི་དམག་དོན་བློན་ཆེན་མཱ་རི་སེ་པ་ནཱི་ (Marise Payne) ལགས་ཀྱིས། གྲུ་འདི་ནི་ཨོ་སི་ཊོ་ལི་ཡའི་མཚོ་དམག་གི་ལོ་རྒྱུས་ཀྱི་དཔང་རྟགས་ཆེན་པོ་ཞིག་ཆགས་ཀྱི་ཡོད། གྲུ་ཆེན་འདི་ནི་ཨོ་སི་ཊོ་ལི་ཡའི་མཚོ་དམག་གི་གྲུ་བོར་བརླགས་ཕྱིན་པ་ཐོག་མ་དེ་ཆགས་ཡོད་པ་མ་ཟད། དབྱིན་ཡུལ་དང་ཨོ་སི་ཊོ་ལི་ཡ་མཐུན་ཕྱོགས་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་གྱིས་བཟོས་པའི་མཚོ་གྲུ་ཆེན་པོ་ཐོག་མ་དེའང་ཆགས་ཡོད་པ་རེད། འཛམ་གླིང་དམག་ཆེན་དང་པོའི་སྐབས་སུ་བོར་བརླག་ཕྱིན་ཡོད་པ་དང་། སྐབས་དེར་རྒྱལ་ཁབ་གཉིས་ལ་གྱོང་གུད་ཆེན་པོ་ཞིག་ཕོག་པ་རེད། ཅེས་དང་། ཡང་ཁོང་གིས། སྐབས་དེར་གྲུ་གཟེངས་ནང་ཡོད་པའི་དམག་མི་རྣམས་ཀྱི་ད་ཡོད་སྤུན་མཆེད་རྣམས་ཀྱིས་གྲུ་གཟེངས་རྙེད་སོན་བྱུང་བའི་གནས་ཚུལ་ཤེས་རྟོགས་བྱུང་ན། སེམས་པར་བདེ་སྣང་ཞིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ལ། རིང་མིན་ང་ཚོས་གྲུ་དེ་ཆུའི་ནང་ནུབ་པའི་རྒྱུ་མཚན་ཤེས་རྟོགས་ཡོང་གི་རེད་བསམ་གྱི་ཡོད། ཅེས་བརྗོད་འདུག་ལ། མི་མང་མང་པོ་ཞིག་གིས་གྲུ་གཟེངས་གར་ཡོད་ཅི་བྱུང་མེད་པར་གྱུར་བའི་རྒྱུ་རྐྱེན་གང་ཡིན་ཤེས་རྟོགས་ཐུབ་པའི་རེ་བ་བྱེད་བཞིན་ཡོད་པ་རེད།

དམག་གྲུ་(HMAS AE-1)ནི་ཨོ་སི་ཊོ་ཡའི་ཆུ་འཛུལ་དམག་གྲུ་ཐོག་མ་དེ་ཡིན་པ་དང་། ཕྱི་ལོ་ ༡༩༡༤ ལོར་ཨོ་སི་ཊོ་ལི་ཡ་དང་དབྱིན་ཡུལ་གྱི་དམག་མི་ ༣༥ བཅས་གནས་སྟངས་ཡ་མཚན་ཅན་ཞིག་གི་འོག དབྱིན་ཡུལ་གྱི་ཤར་ཕྱོགས་སུ་ཡོད་པའི་པཱ་པུ་ཨ་ནེའུ་ཇི་ནི་ཡ་ (Papua New Guinea) རྒྱལ་ཁབ་ཀྱི་ཉེ་འགྲམ་རྒྱ་མཚོའི་ནང་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་པ་དང་། སྐབས་དེར་གྲུ་གཟེངས་ཆུའི་ནང་ནུབ་པའམ་དགྲ་ཡི་ལག་ཏུ་ཤོར་བ་ཡིན་མིན་སོགས་ཀྱི་དོགས་གཞི་ཙམ་ལས་ཁུངས་སྣེ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད།

ཕྱི་ལོ་ ༢༠༠༤ ལོར་ཨོ་སི་ཊོ་ལི་ཡའི་གཞུང་གི་མཐུན་སྦྱོར་རོགས་རམ་འོག མི་གྲངས་ ༡༣ གྱིས་གྲུབ་པའི་འཚོལ་ཞིབ་ཚོགས་པ་ཞིག་གིས་གྲུ་གློག་འོད་ཚད་ཆེན་པོ་ཅན་བེད་སྤྱོད་བྱས་ཏེ་རྒྱ་མཚོའི་གཏིང་དུ་འཚོལ་ཞིབ་བྱེད་མགོ་བརྩམས་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་བསྐྱར་དུ་འཚོལ་ཞིབ་བྱས་ཡོད་ཀྱང་གྲུབ་འབྲས་ཐོན་མེད་པ་རེད། བདུན་ཕྲག་སྔོན་མའི་ནང་ཚོགས་པ་དེས་འཚོལ་ཞིབ་ཐེངས་གསུམ་པ་བྱས་ཏེ་རྩེད་སོན་བྱུང་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

 

བསྐྱར་བཅོས།: ༢༠༡༧/༡༢/༢༡

Leave a Reply