ཨ་རིའི་ཁ་གཏད་དུ་ལངས་ན་རོགས་དངུལ་མཚམས་འཇོག་བྱ་རྒྱུ་ཡིན།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཛ་དྲག་ཚོགས་འདུ་བསྡུས་ཏེ་གྲོང་ཁྱེར་ཇེ་རོ་སཱ་ལམ་གྱི་བདག་དབང་རྩོད་རྙོག་མགྱོགས་མྱུར་སེལ་ཐབས་བྱེད་ཀྱིན་ཡོད་པ་རེད།དབྱིན་ཇིའི་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་སྲུང་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༡༤ ཡིས། ཨ་རིའི་སྲིད་འཛིན་ཊོམ་ཕུས་ཇེ་རོ་སཱ་ལམ་གྲོང་ཁྱེར་ཨི་ཛི་རལ་གྱི་རྒྱལ་སར་ངོས་འཛིན་བྱས་པའི་ཐག་གཅོད་ཕྱིར་འཐེན་བྱ་དགོས་མིན་ཐད་འོས་བསྡུ་བྱས་སྐབས། རྒྱལ་ཁབ་ ༡༣ གྱིས་མང་མོས་ཐོག་ཊོམ་ཕུའི་ཐག་གཅོད་ཕྱིར་འཐེན་བྱ་དགོས་པར་རྒྱབ་སྐྱོར་བྱས་ཡོད་སྟབས། དེ་རིང་ཨ་རིའི་སྲིད་འཛིན་ཊོམ་ཕུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འོས་བསྡུའི་ནང་། ཨ་རིའི་ཇེ་རོ་སཱ་ལམ་གྱི་ཐག་གཅོད་ལ་ངོས་ལེན་མེད་པའི་རྒྱལ་ཁབ་ཚང་མར་ཨ་རིའི་རོགས་དངུལ་གཏོང་མཚམས་འཇོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།

དེ་ཡང་ཕོ་བྲང་དཀར་པོའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཊོམ་ཕུས། ཁོ་ཚོས་ཨ་རིའི་ལག་ནས་ཨ་སྒོར་ས་ཡ་དང་དུང་ཕྱུར་མང་པོ་བླངས་ཏེ། ད་ལྟ་ང་ཚོར་རྒྱབ་འགལ་གྱིས་འོས་ཤོག་འཕངས་ཡོད་པ་དང་། མུ་མཐུད་ཁོ་ཚོས་ཨ་རིར་རྒྱབ་གཏད་དེ་འོས་འཕེན་དུ་ཆུག་དང་ང་ཚོས་ལྟ་ནས་བསྡད་ཡོད། ཁོ་ཚོར་བདག་སྐྱོང་བྱེད་དགོས་དོན་མེད་པས་ང་ཚོས་དངུལ་མང་པོ་གསོག་འཇོག་ཐུབ་ངེས་རེད། ཅེས་གསུངས་ཡོད་པ་རེད།

དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཨེ་ར་བྷི་དང་ཁ་ཆེའི་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་གྲོས་འཆར་ཞིག་བཏོན་ཏེ་ཇེ་རོ་སཱ་ལམ་གྱི་གནས་སྟངས་ལ་མགྱོགས་མྱུར་ཐག་གཅོད་ཅིག་ལེན་པའི་རེ་སྐུལ་ཞུས་ཡོད་སྟབས། དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཚོགས་འཐུས་མི་ ༡༩༣ ཡིས་ཛ་དྲག་ཚོགས་འདུ་ཚོགས་ཏེ། ཇེ་རོ་སཱ་ལམ་གྱི་གནས་སྟངས་ཐད་འོས་བསྡུ་བྱ་རྒྱུ་ཡིན་འདུག་ལ། ཁ་ཆེའི་རྒྱལ་ཁབ་ཁག་གི་གྲོས་འཆར་ནང་ཨ་རི་དང་ཊོམ་ཕུའི་མིང་ཐད་ཀར་ཐེར་འདོན་བྱས་མེད་ཀྱང་། གྲོས་འཆར་དེའི་ནང་ཉེ་སྔོན་ཇེ་རོ་སཱ་ལམ་གྱི་ཐག་གཅོད་ལ་སེམས་འཚབ་ཆེན་པོ་ཡོད་སྐོར་བརྗོད་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་རིའི་གཞུང་ཚབ་ལྕམ་ནི་ཁི་ཧ་ལེ(Nikki Haley)་ལགས་ཀྱིས་ཊིའུ་ཊར་སྟེང་། ང་ཚོས་ཨ་རིའི་ཁ་གཏད་དུ་ལངས་མཁན་རྒྱལ་ཁབ་ཁག་གི་མིང་འཛིན་གྱི་ཡིན། ཞེས་བཀོད་ཡོད་པ་དང་། ཆབ་སྲིད་དཔྱད་བརྗོད་པ་ཁག་ཅིག་གིས་སྲིད་འཛིན་ཊོམ་ཕུའི་ཉེན་བརྡ་ཡིས། ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཛ་དྲག་ཚོགས་འདུའི་འོས་བསྡུར་ཁྱད་པར་བཟོ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

ཨ་རིའི་རོགས་དངུལ་ཐེབས་རྩ་ཁང་གི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་གཞུང་གིས་དཀྱིས་ཤར་ཡུལ་གྲུའི་རྒྱལ་ཁབ་ཁག་ཏུ་དཔལ་འབྱོར་འཛུགས་སྐྲུན་དང་དམག་དོན་ཆེད་ཨ་སྒོར་དུང་ཕྱུར་ ༡༣ གྱི་འགྲོ་གྲོན་བཏང་ཡོད་པ་དང་། བྱང་དང་ལྷོ་ཨ་ཧྥེ་རི་ཁའི་རྒྱལ་ཁབ། དེ་བཞིན། ཨེ་ཤ་ཡའི་ལྟེ་གནས་རྒྱལ་ཁབ་ཁག་ཏུ་ཨ་སྒོར་དུང་ཕྱུར་ ༦།༧ ། ཡུ་རོབ་དང་ཨེ་རཱ་ཤི་ཡར་ཨ་སྒོར་དུང་ཕྱུར་ ༡།༥། ནུབ་ཕྱོགས་རྒྱལ་ཁབ་དབྱིན་ཇི་དང་། ཨུ་རུ་སུ། ནེའུ་ཛི་ལན་ཌི་སོགས་ལ་ཨ་སྒོར་དུང་ཕྱུར་ ༢།༢ ཀྱིས་རོགས་སྐྱོང་བྱས་ཡོད་པ་རེད།

ཉེ་སྔོན་ཨ་རིའི་སྲིད་འཛིན་ཊོམ་ཕུའི་ཇེ་རོ་སཱ་ལམ་ཨི་ཛི་རལ་གྱི་རྒྱལ་ས་རུ་ངོས་འཛིན་གྱིས་གསལ་བསྒྲགས་བྱས་པ་ནས་བཟུང་། གྲོང་ཁྱེར་ཇེ་རོ་སཱ་ལམ་ནང་གནས་སྡོད་བྱས་ཡོད་པའི་ཨི་ཛི་རལ་དང་པ་ལི་སི་ཐན་བར་གྲོང་ཁྱེར་གྱི་བདག་རྩོད་རྙོག་ཟིང་འཁྲུག་སྔར་ལས་ཤུགས་ཆེ་རུ་སོང་སྟེ་མི་རྒྱུ་གཉིས་ལ་གྱོང་གུད་ཚབས་ཆེན་ཐེབས་བཞིན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༡༢/༢༡

Leave a Reply